མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་ཕྱོགས་ནས་འཕངས་པའི་སྒྱོགས་མདེལ་བཅུ་ཕྲག་ཨུ་རུ་སིའི་མངའ་ཁོངས་སུ་ཕོག

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྟོག་ཞིབ་སྡེ་ཁག་དང་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བདེན་དཔང་བྱས་པ་ལྟར་ན། ཉིན་དེར་ཝུའུ་ཁི་ལན་ཕྱོགས་ནས་འཕངས་པའི་སྒྱོགས་མདེལ་བཞི་བཅུ་ལྷག་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་དུ་ཕོག་སོང་ཟེར།

ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མཱ་ཨར་ཅིན་གྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཁག་ཅིག་གིས་ཉིན་དེར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་སུ་ཡོད་པའི་ལོ་སི་ཐོ་ཧྥུའུ་ཀྲིག་གི་ཀུའུ་པེ་ཞེའོ་ཧྥུའུ་ས་ཁུལ་ནས་ལས་འགན་ལག་བསྟར་བྱེད་སྐབས། ཝུའུ་ཁི་ལན་ཕྱོགས་ནས་འཕངས་པའི་སྒྱོགས་མདེལ་མང་བོའི་འཇབ་རྒོལ་ཐེབས་པ་དང་། བསྡོམས་པས་སྒྱོགས་མདེལ་ཞེ་བདུན་ཨུ་རུ་སིའི་མངའ་ཁོངས་སུ་ཕོག་ཟེར། ཁོས་བཤད་རྒྱུར། དེ་ནི་ཝུའུ་ཁི་ལན་གྱི་དམག་མིས་ཨུ་རུ་སིའི་རྟོག་ཞིབ་ཚན་ཁག་ལ་དམིགས་པའི་འཇབ་རྒོལ་ཞིག་ཡིན་མོད། སྟབས་ལེགས་པ་ཞིག་ལ་ཝུའུ་ཁི་ལན་གྱི་དམག་མིས་གྲ་སྒྲིག་བྱས་པ་མི་འདང་བ་དང་ཨུ་རུ་སིའི་རྟོག་ཞིབ་ཚན་ཁག་མྱུར་དུ་གཡོལ་བས། ཝུའུ་ཁི་ལན་གྱི་དམག་མིའི་དམིགས་ཡུལ་ལེགས་འགྲུབ་མ་བྱུང་། ཡིན་ནའང་ས་དེའི་མི་སེར་ཞིག་སྒྱོགས་མདེལ་གྱིས་རྨས་ཡོད་ཟེར།

གཞན་ཡང་རྒྱལ་སྤྱིའི་ཡིག་སྐྱེལ་གློག་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ལོ་སི་ཐོ་ཧྥུའུ་ཀྲིག་གི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་མཐའ་སྲུང་ཉེན་ཟོན་ཁང་གི་མགྲིན་ཚབ་པ་ཝ་ཞི་ལེ•མཱ་ལ་ཡེ་ཧྥུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཉིན་དེར་སྒྱོགས་མདེལ་ཞེ་ལྔ་ཙམ་ཀུའུ་པེ་ཞེའོ་ཧྥུའུ་ས་ཁུལ་དུ་ཕོག་ནས། མང་ཚོགས་ཀྱི་ཁང་པ་དྲུག་དང་གློག་གི་སྐུད་ལམ་ལ་གཏོར་བརླགས་བཟོས་མོད། ཡིན་ནའང་མིག་སྔར་མི་སྣར་ཤི་རྨས་བཟོས་པའི་གནས་ཚུལ་ད་དུང་གོ་མ་བྱུང་ཟེར། ད་དུང་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་རྗེས། ཉེ་འདབས་ཀྱི་ཨུ་རུ་སིའི་སྒོ་ཁྲལ་ཞིབ་བཤེར་ས་ཚིགས་ཀྱི་བྱ་བ་སྒྲུབ་མཁན་རྣམས་བྲེལ་འཚུབ་ངང་བདེ་འཇགས་ས་ཁུལ་དུ་སྤར་བ་དང་། ཞིབ་བཤེར་ས་ཚིགས་ཀྱང་རེ་ཞིག་ལ་སྒོ་བརྒྱབ་སོང་ཟེར།

ཝུའུ་ཁི་ལན་ཤར་ཕྱོགས་ནས་དམག་འཁྲུག་བྱུང་རྗེས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ལ་ཐེངས་འགར་སྒྱོགས་མདེལ་ཕོག ཟླ་འདིའི་ཚེས་བཅུ་གསུམ་ཉིན། ཝུའུ་ཁི་ལན་ཕྱོགས་ནས་འཕངས་པའི་སྒྱོགས་མདེལ་འགའ་ལོ་སི་ཐོ་ཧྥུའུ་ཀྲིག་གི་ཏུན་ཉེ་ཚི་ཁི་གྲོང་ཁྱེར་ལ་ཕོག་ནས། མང་ཚོགས་ཀྱི་ཁང་པ་གཉིས་ལ་གཏོར་བརླགས་ཐེབས་པ་དང་མི་གཅིག་རྐྱེན་ལམ་དུ་ཤོར། འདི་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་མཐའ་མཚམས་ལ་སྒྱོགས་མདེལ་ཕོག་ནས་ཨུ་རུ་སིའི་མི་སྣར་ཤི་རྨས་བཟོས་པའི་དོན་རྐྱེན་ཐོག་མ་རེད། དེའི་རྗེས་སུ་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྒྱོགས་མདེལ་དོན་རྐྱེན་ཐད་ནས་ཝུའུ་ཁི་ལན་ཕྱོགས་ལ་ངོ་རྒོལ་བྱས་པ་མ་ཟད། གལ་ཏེ་ཝུའུ་ཁི་ལན་ཕྱོགས་ཀྱིས་ཡང་བསྐྱར་བསྙད་བརྐོས་ཚེ། ཨུ་རུ་སི་ཡིས་བྱེད་ཐབས་དྲག་པོ་སྤྱོད་ངེས་ཡིན་ཞེས་ཐ་ཚིག་བསྒྲགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག