མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་གསང་འཕྲིན་ལྟར་ན་ཨུ་རུ་སིའི་མཚོན་ཆ་དྲག་པོ་ཚེས་ཉེར་ལྔ་ཉིན་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཐོན་པར་བཤད།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-26 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་སི་ཐེ་ཧྥུའུ•ཝོ་ལུན་གྱིས་ཚེས་ཉེར་ལྔ་ཉིན་ཝ་ཧྲིན་ཏོན་ནས་བཤད་རྒྱུར། འབྱོར་བའི་གསང་འཕྲིན་ལྟར་ན་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་མཚོན་ཆ་དྲག་པོ་སྔར་ལས་མང་བོ་འདོན་སྤྲོད་བྱེད་རྩིས་ཡོད་ལ། དེ་དང་བསྟུན་ནས་ཝུའུ་ཁི་ལན་གྱི་གནས་བབ་སྔར་ལས་རྙོག་འཛིང་དུ་འགྱུར་སྲིད་ཟེར།

ཝོ་ལུན་གྱིས་བཤད་རྒྱུར། དེའི་སྔོན་ལ་ཨུ་རུ་སིས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཐན་ཁི་འཁོར་ལོ་དང་མེ་སྒྱོགས། མེ་ཤུགས་འཕུར་མདའ་འཕེན་ཆས་སྣ་མང་བཅས་བསྐྱལ་བ་དང་། ཐེངས་འདིར་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣར་འདོན་སྤྲོད་བྱས་པའི་མཚོན་ཆའི་ཤུགས་དེ་ལས་ཀྱང་ཆེ་སྟེ། མཚོན་ཆའི་ཁྲོད་དུ་མདའ་སྦུག་ཧའོ་མུས་ཉིས་བརྒྱ་ལས་བརྒལ་བའི་མེ་ཤུགས་འཕུར་མདའ་འཕེན་ཆས་ཀྱང་ཡོད་ཟེར། ཁོས་ད་དུང་མཚོན་ཆ་དེ་དག་ཚེས་ཉེར་ལྔ་ཉིན་ཝུའུ་ཁི་ལིན་གྱི་མངའ་ཁོངས་སུ་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣར་བྱིན་ཡོད་ཅེས་བཤད།

ཝོ་ལུན་གྱིས་ཨུ་རུ་སིའི་དམག་དཔུང་མཐའ་མཚམས་ལས་བརྒལ་ཏེ་ཝུའུ་ཁི་ལན་ལ་སྒྱོགས་མདེལ་འཕངས་ཟེར་བའི་བཤད་ཚུལ་དེ་ཞིབ་མོར་མ་གླེང་མོད། ཡིན་ནའང་ཁོས་དེ་འདྲའི་གནས་ཚུལ་སྔོན་ཆད་ཀྱང་བྱུང་མྱོང་མོད། ཡིན་ནའང་ཝུའུ་ཁི་ལན་གྱི་དམག་དཔུང་གིས་དེར་རྒོལ་ལན་སྤྲད་པའི་གནས་ཚུལ་གོ་མ་བྱུང་ཟེར། ཁོས་ཨུ་རུ་སིའི་དམག་དཔུང་གི་བྱ་སྤྱོད་དེས་གནས་བབ་སྔར་ལས་ཛ་དྲག་ཏུ་གཏོང་སྲིད་ལ། ང་ཚོས་སྒྱོགས་མདེལ་གྱིས་མི་སེར་ཤི་རྨས་བཟོ་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད།

ཉེ་སྔོན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲུང་པུའུ། ད་དུང་དཔོན་རིགས་མང་བོ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་མདུང་ཁ་ཨུ་རུ་སི་ལ་གཏད་དེ། ཨུ་རུ་སིའི་དམག་དོན་བྱ་སྤྱོད་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་སྔར་ལས་ཟང་ཟིང་དུ་གཏོང་སྲིད་ཅེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། ཨུ་རུ་སིས་ཝུའུ་ཁི་ལན་གྱི་མངའ་ཁོངས་ལ་མཚོན་ཆ་སྐྱེལ་འདོད་ཡོད་པ་མ་ཟད། ཨུ་རུ་སིའི་དམག་དཔུང་གིས་མཐའ་མཚམས་ལས་བརྒལ་ཏེ་ཝུའུ་ཁི་ལན་གྱི་དམག་དཔུང་ལ་སྒྱོགས་མདེལ་འཕངས་མྱོང་ཟེར། ཡིན་ནའང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་དེར་ངོ་རྒོལ་དྲག་པོ་བྱས།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁའི་གཞི་འཛིན་ས་ཅི་ཡང་མེད་པའི་སྐྱོན་བརྗོད་དེ་ཁས་མ་བླངས་པ་དང་། མགྲིན་ཚབ་མཱ་ལེ•ཧ་ཧྥུའུ་ཡིས་སྤེལ་བའི་ཨུ་རུ་སི་ལ་ངོ་རྒོལ་བྱེད་པའི་གཏམ་བརྗོད་དེས་རྒྱལ་སྤྱིའི་གླེང་ཕྱོགས་ལ་ཤུགས་རྐྱེན་བཟོ་འདོད་པ་རེད་ཅེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག