མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་དམག་དཔུང་གི་རལ་གྲིའི་འགུལ་སྐྱོད་ཁྲོད་ཕ་ལེ་སི་ཐན་པ་སྟོང་གཅིག་ལྷག་རྐྱེན་ལམ་དུ་ཤོར།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-27 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་བདེན་དཔང་བྱས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་ཉི་ཤུ་ཙམ་གྱི་རིང་ལ་སྤེལ་བའི་རལ་གྲིའི་འགུལ་སྐྱོད་ཅེས་པའི་ཁྲོད་དུ་ཕ་ལེ་སི་ཐན་པ་སྟོང་གཅིག་དང་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དྲུག་ལྷག་ལ་རྨས་ཕོག་ཅིང་། འདས་པོ་དང་རྨས་མ་མང་ཆེ་ཤོས་ནི་མི་སེར་རེད་ཟེར།

ཕ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། ས་དེའི་སྨན་བཅོས་མི་སྣས་ཚེས་ཉེར་དྲུག་ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་འགས་གཏོར་བཏང་བའི་ཁང་བ་ཞིག་རོའི་འོག་ནས་འདས་པོ་བརྒྱ་དང་སུམ་ཅུའི་བེམ་པོ་རྙེད་ཟེར།

ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་དང་དབྱི་སི་རལ་ཕྱོགས་ཀྱིས་ཉིན་དེའི་ཞོགས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་ཏེ། ས་དེའི་ཚེས་ཉེར་དྲུག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར་དམག་འཁྲུག་མཚམས་འཇོག་པར་འཐད་པ་བྱུང་། དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལག་བསྟར་བྱས་རྗེས། ཕ་ལེ་སི་ཐན་གྱི་སྨན་བཅོས་མི་སྣས་དུས་ཚོད་དམ་འཛིན་བྱས་ཏེ་དབྱི་སི་རལ་གྱི་དམག་དཔུང་གི་འགས་གཏོར་ཁྲོད་རྨས་ཕོག་པའི་རྨས་མར་སྨན་བཅོས་བྱས་པ་དང་། འདས་པོའི་བེམ་པོ་འཚོལ་ཞིབ་དང་སྐྱེལ་འདྲེན་བྱས།

དེ་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁ་ཤས་ཀྱི་དཔོན་རིགས་ཀྱིས་ཧྥ་རན་སི་ནས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཅ་ཧྲ་ས་ཁུལ་ནས་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་པར་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག