མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དུས་ཚོད་ཉེར་བཞིས་ཇེ་རིང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-28 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་བདུན་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དུས་ཚོད་ཉེར་བཞིས་ཇེ་རིང་དུ་གཏོང་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཁ་ཚིག་དྲག་པོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཉིན་དེའི་ནམ་གུང་བར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དུས་ཚོད་ཉེར་བཞིས་ཇེ་རིང་དུ་གཏོང་དགོས་པའི་སྐུལ་མ་བཏང་བ་དང་། ཁོས་དེང་སྐབས་ཀྱི་འཁྲུག་རྩོད་ལས་ཤི་རྨས་དང་གཏོར་བརླག་ཚབས་ཆེན་བཟོས་ཡོད་པའི་ཚུལ་བསྟན་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གནས་སྐབས་སུ་འཁྲུག་རྩོད་མཚམས་འཇོག་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མགོ་ཁྲིད་པར་མཉམ་ལས་ཟབ་མོ་བྱས་པའི་ཞོར་དུ་ཕན་ཅི་ཝུན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ལ་ཤུགས་རྐྱེན་ཡོད་པའི་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་བ་དང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་རྗེས་བརྩི་སྲུང་བྱེད་པར་ཡར་སྐུལ་བྱེད་དགོས་ཟེར།

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་བསྟན་དོན། དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་དུ་བསྡད་ན་ཧཱ་མཱ་སི་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་གཞི་གང་ཡང་དང་ལེན་བྱེད་མི་སྲིད་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་སྐབས་སུ་ཧཱ་མཱ་སི་ཡིས་རྒྱུན་ཆད་མེད་པར་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པར་དམིགས་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཕྱོགས་ཡོངས་ནས་སླར་གསོ་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག