མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་ད་ལོར་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཉི་ཤུ་གསར་དུ་ལས་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-29 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་དཔོན་ཕྱོགས་སྨྱན་བྱད་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་གི་སྔོན་ལ་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཉི་ཤུ་གསར་དུ་ལས་ཏེ། ནུས་ཁུངས་གསར་བའི་འཐབ་ཇུས་འཆར་འགོད་ཀྱི་ཁག་ཅིག་ཏུ་བྱེད་རྒྱུ་རེད་ཟེར།

ཨར་ཅི་རི་ཡཱའི་ནུས་ཁུངས་གསར་བའི་འཕེལ་རྒྱས་ལྟེ་གནས་ཀྱི་འགན་ཁུར་བ་ཞིག་གིས་བཤད་རྒྱུར། ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཉི་ཤུ་བོ་དེ་ཨར་ཅི་རི་ཡཱའི་དབུས་ཕྱོགས་དང་ལྷོ་ཕྱོགས་ས་ཁུལ་དུ་ཡོད་པ་དང་། ད་ལོའི་ལོ་མཇུག་གི་སྔོན་ལ་བེད་སྤྱོད་བྱེད་རྒྱུ་ཡིན་ཟེར། འགན་ཁུར་བ་དེས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར་ཨར་ཅི་རི་ཡཱའི་ནུས་ཁུངས་གསར་བའི་བེད་སྤྱོད་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱལ་ཁབ་དེའི་ཁྲིམས་སྲོལ་སྐོར་ཞིག་ལ་གྲོས་མཐུན་བཀོད་དེ། ཉི་ནུས་དང་རླུང་ནུས་བེད་སྤྱད་དེ་གློག་འདོན་པར་མ་དངུལ་གྱིས་རོགས་སྐྱོར་བྱས་ཡོད་ཟེར། ཁོས་ཚོད་དཔག་བྱས་ན་མ་འོངས་པའི་ལོ་འགའི་ནང་ནུས་ཁུངས་གསར་བའི་གསར་སྤེལ་ལ་འཕེལ་རྒྱས་ཅུང་མགྱོགས་པོ་འབྱུང་སྲིད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་བྱེད་ཐབས་སྤྱད་དེ་ནུས་ཁུངས་གསར་བའི་དངུལ་གཏོང་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་རྒྱུ་རེད། ཉིས་སྟོང་སུམ་ཅུ་ལོའི་སྔོན། ཨར་ཅི་རི་ཡཱ་རྒྱལ་ཁབ་ཀྱིས་མེ་སྒོར་ཐེར་ཆེན་དྲུག་བཏང་སྟེ་ནུས་ཁུངས་གསར་བའི་གསར་སྤེལ་ཐད་བཀོལ་རྒྱུ་ཡིན་པ་དང་། སྐབས་དེར་ནུས་ཁུངས་གསར་བས་རྒྱལ་ཁབ་དེའི་བརྒྱ་ཆའི་བཞི་བཅུའི་གློག་ཤུགས་དགོས་མཁོ་བསྐང་ཐུབ་ངེས་རེད།

དེའི་སྔོན་གྱི་ཨར་ཅི་རི་ཡཱའི་ནུས་ཁུངས་པུའུ་ཡི་སྙན་ཞུ་ཞིག་ལས་བསྟན་དོན། ཨར་ཅི་རི་ཡཱའི་ཉི་འོད་ནུས་པའི་ཐོན་ཁུངས་ཀྱི་གསོག་ཚད་འཛམ་གླིང་ཡོངས་ཀྱི་སྔོན་གྲས་སུ་ཚུད་ཡོད་པ་དང་། ལོ་རེར་གློག་འདོན་ཐད་བཀོལ་ཆོག་པ་དུས་ཚོད་སྟོང་གཉིས་ཡན་ཡོད་པ་རེད། དེ་ལས་གཞན་རྒྱལ་ཁབ་དེའི་བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་མངའ་ཁོངས་ནི་མི་མེད་ཀྱི་ས་སྟོང་ཡིན་པས་ནུས་ཁུངས་གསར་བ་གསར་སྤེལ་བྱེད་པར་འཚམ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག