མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱིས་སི་རི་ཡཱ་དང་དབྱི་རག་ནས་ཁྲིམས་འགལ་གྱིས་རྡོ་སྣུམ་ཉོ་ཚོང་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱི་དང་དབྱི་རག་ཏུ་ཡོད་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་ཁྲིམས་དང་འགལ་བའི་སྒོ་ནས་རྡོ་སྣུམ་ཉོ་ཚོང་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཕྱོགས་སོ་སོས་དེ་དང་ཉོ་ཚོང་བྱེད་མི་རུང་བའི་རེ་བ་བཏོན།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱའི་མི་དམངས་ཀྱི་འཐབ་མཆོག་མཁན་ལ་རྒྱབ་སྐྱོར་བྱེད་པའི་འཐབ་ཕྱོགས་དང་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་སི་རི་ཡཱ་དང་དབྱི་རག་ནས་སྣུམ་ཞིང་དང་སྣུམ་འདྲེན་སྦུག་ལམ་འཕྲོག་ལེན་བྱས་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སི་རི་ཡཱ་དང་དབྱི་རག་གི་འཇིགས་སྐུལ་རྩ་འཛུགས་བར་ཐད་ཀར་དང་ཡང་ན་བརྒྱུད་ནས་རྡོ་སྣུམ་ཉོ་ཚོང་བྱེད་པའི་བྱ་སྤྱོད་གང་རུང་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇིགས་སྐུལ་རྩ་འཛུགས་ཀྱིས་སྣུམ་ཞིང་དང་འབྲེལ་ཡོད་སྒྲིག་ཆས་ལ་ཚོད་འཛིན་བྱས་ཏེ་རང་ལ་ཁེ་ཕན་བསྐྲུན་ནས། མི་སྣ་བསྡུ་ལེན་དང་འཇིགས་སྐུལ་འཇབ་རྒོལ་ལག་བསྟར་བྱེད་པར་རྩ་འཛུགས་བྱེད་པ་སོགས་ཀྱི་ཐད་བཀོལ་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་རྒྱལ་ཁབ་རང་གི་རྒྱལ་དམངས་དང་རང་གི་མངའ་ཁོངས་ཀྱི་མི་སྣས་གོང་གི་འཇིགས་སྐུལ་རྩ་འཛུགས་གཉིས་བར་ཐད་ཀར་རམ་བརྒྱུད་ནས་ཉོ་ཚོང་མི་བྱེད་པར་འགན་སྲུང་བྱེད་དགོས་པར་མ་ཟད། ཁོངས་གཏོགས་རྒྱལ་ཁབ་སོ་སོར་དེ་རིགས་ཀྱི་གནས་ཚུལ་གང་རུང་འབྱོར་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་བཀག་སྡོམ་ཨུ་ཡོན་ལྷན་ཁང་ལ་བརྡ་གཏོང་དགོས་པའི་རེ་བ་བཏོན།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱིས་ཉེ་སྔོན་དབྱི་རག་བྱང་ཕྱོགས་ཀྱི་སྣུམ་ཞིང་ནས་རྡོ་སྣུམ་ཕྱིར་འཚོང་བྱས་ཏེ། རང་གི་དམག་དོན་འགུལ་སྐྱོད་ལ་མ་དངུལ་བསྡུ་ལེན་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག