མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་སོགས་ས་ཁོངས་རྩ་འཛུགས་བར་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྲོས་མཐུན་བཀོད་དེ། སྔར་ལས་ལྷག་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མན་འབྲེལ་སོགས་ས་ཁོངས་རྩ་འཛུགས་བར་གྱི་ཞི་བདེ་སྲུང་སྐྱོབ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་རྩ་འཛུགས་བར་དང་ཁྱད་པར་དུ་ཨ་ཧྥེ་རི་གླིང་མནའ་འབྲེལ་བར་གྱི་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཆོད་སེམས་ཡོད། གྲོས་ཆོད་ལྟར་ན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་བྱེད་ཐབས་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་རྩ་འཛུགས་ཀྱིས་འཁྲུག་རྩོད་བརྡ་གཏོང་དང་འཁྲུག་རྩོད་སྔོན་འགོག ཞི་བདེ་འཛུགས་སྐྲུན་དང་སྲུང་འཛིན་བྱེད་པ་བཅས་ཀྱི་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱེད་པར་ཡར་སྐུལ་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་བར་སྔར་ནས་ཡོད་པའི་མཉམ་ལས་བྱེད་ཐབས་ལ་དགའ་བསུ་ཞུས།

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མཱ་ལི་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞི་བདེ་འགུལ་སྐྱོད་ཀྱི་བར་བརྒལ་བྱ་བར་སྤྱི་བསྡོམས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་ཉམས་མྱོང་དང་བསླབ་བྱ་འདོན་སྤྲོད་བྱེད་དུ་འཇུག་རྒྱུ་མ་ཟད། ད་ལོའི་ལོ་མཇུག་གི་སྔོན་ལ་ཕྱིན་ཆད་ཀྱི་བར་བརྒལ་བཀོད་སྒྲིག་ཐད་བཀོལ་ཆོག་པའི་བྱེ་བྲག་གི་གྲོས་གཞི་འདོན་དགོས་པའི་རེ་བ་བཏོན།

གྲོས་ཆོད་ལས་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཨ་ཧྥེ་རི་ཁ་གླིང་སོགས་ས་ཁོངས་རྩ་འཛུགས་ཀྱིས་འཁྲུག་རྩོད་སྔོན་འགོག་དང་ཉམས་ཉེན་དོ་དམ། འཁྲུག་རྩོད་བྱུང་རྗེས་བརྟན་འཇགས་མངོན་འགྱུར་བྱེད་པའི་ནུས་པ་སོགས་ལ་ཤུགས་སྣོན་པར་རོགས་རམ་བྱས་ཏེ། མི་ཤུགས་དང་ལག་རྩལ། ནོར་སྲིད་བཅས་ཀྱི་ཐད་ནས་རོགས་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག