མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་དབྱིན་ཇི། འཇར་མན། ཧྥ་རན་སི། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་ལྔ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པར་འཐད་པ་བྱུང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་བརྒྱད་ཉིན་སྤྱི་སྒྲོག་སྤེལ་བ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཉིན་དེར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི། དབྱི་ཐཱ་ལེའི་ཙུང་ལི་ལོན་ཆི་བཅས་དང་བརྙན་རིས་ཁ་པར་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་དེ་ལྔ་བོ་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་ལག་བསྟར་བྱེད་པར་གཅིག་གྱུར་གྲོས་མཐུན་འགོད་པའི་བསམ་ཚུལ་མཐུན་སྦྱོར་བྱས།

རྒྱལ་ཁབ་ལྔ་བོས་མཱ་ལེ་ཞི་ཡཱའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་པར་བཀག་རྒྱ་ཐེབས་པའི་གནས་ཚུལ་འོག་ཝུའུ་ཁི་ལན་ཉམས་ཉེན་གྱི་གནས་ཚུལ་གསར་བར་གྲོས་བསྡུར་བྱས། ཕོ་བྲང་དཀར་པོས་བཤད་རྒྱུར། རྒྱལ་ཁབ་ལྔ་ཡིས་རྒྱལ་སྤྱིའི་རྟོག་ཞིབ་མི་སྣས་ངེས་པར་དུ་བཀག་རྒྱ་མེད་པའི་སྒོ་ནས་གནམ་གྲུ་སར་ལྷུང་སའི་ཡུལ་དངོས་སུ་རྟོག་ཞིབ་བྱེད་དགོས་པ་ནན་བཤད་བྱས། རྒྱལ་ཁབ་ལྔ་ཡིས་བལྟས་ན། གནམ་གྲུ་སར་ལྷུང་བའི་དོན་རྐྱེན་བྱུང་རྗེས། ཨུ་རུ་སིའི་མཚོན་ཆ་དང་སྒྲིག་ཆས། འཐབ་འཛིང་གནམ་གྲུ་བཅས་མུ་མཐུད་དུ་ཝུའུ་ཁི་ལན་དུ་དར་བཞིན་ཡོད་པ་དང་། རྒྱལ་ཁབ་ལྔ་ཡིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་གསར་བ་སྤྱོད་པའི་ཐད་ནས་བསམ་ཚུལ་མཐུན་སྦྱོར་བྱས་ཏེ། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་བརྟན་འཇགས་ལ་གཏོར་བརླག་གཏོང་མཚམས་བཞག་སྟེ་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་།

ཝུའུ་ཁི་ལན་གྱི་གནས་བབ་ལས་གཞན། རྒྱལ་ཁབ་དེ་ལྔ་ཡིས་ད་རུང་ཉིན་དེའི་བརྙན་རིས་ཁ་པར་གྲོས་ཚོགས་ནས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཨོ་པཱ་མཱ་ཡིས་དབྱི་སི་རལ་གྱིས་རང་སྲུང་འགུལ་སྐྱོད་སྤེལ་བའི་དབང་ཆ་ཡོད་པ་བསྐྱར་སྒྲོག་བྱས། རྒྱལ་ཁབ་ལྔ་བོ་མྱུར་དུ་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པར་གཅིག་གྱུར་འཐད་པ་བྱུང་བ་དང་། གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་ནས་ཉེས་མེད་ཚེ་སྲོག་མང་བོ་ཤོར་བའི་ཉེན་ཁར་སེམས་ཁུར་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག