མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་དབྱི་རག་གིས་མེ་སྒོར་ཐེར་འབུམ་གཅིག་གི་དམག་དོན་མཚོན་ཆ་ཕྱིར་འཚོང་གི་གྲོས་མཐུན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་དབྱི་རག་གིས་ཉེ་སྔོན་དམག་དོན་མཚོན་ཆ་ཕྱིར་འཚོང་གི་གྲོས་མཐུན་ཞིག་བཀོད་པ་དང་། དབྱི་རག་ལ་སྤྱིའི་འབོར་གྲངས་མེ་སྒོར་ཐེར་འབུམ་གཅིག་ཡིན་པའི་མེ་སྒྱོགས་དང་སོགས་མཚོན་ཆ་ཕྱིར་འཚོང་བྱེད་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། དམག་དོན་མཚོན་ཆ་ཕྱིར་འཚོང་གི་གྲོས་མཐུན་དེ་ནི་གཟའ་འཁོར་སྔོན་མར་དབྱི་རག་གི་རྒྱལ་སྲུང་བློན་ཆེན་ཚབ་མ་ཏུའུ་ལེ་མུས་ཀྱིས་ཨུ་རུ་སི་རུ་འཚམས་འདྲི་བྱེད་སྐབས་བཀོད་པ་ཡིན་ལ། ཕྱིར་འཚོང་བྱེད་པའི་མཚོན་ཆ་ལ་མེ་གཏོང་འཕྲུལ་ཆས་དང་། སྦུག་མང་མེ་ཤུགས་འཕུར་མདའ། མེ་སྒྱོགས། ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའ་སོགས་ཡོད། མཚོན་ཆ་དེ་དག་ཨུ་རུ་སིའི་དམག་དོན་བཟོ་ལས་ཁེ་ལས་ཀྱིས་ཐོན་སྐྱེད་བྱེད་པའམ་ཡང་ན་ཐད་ཀར་དུ་ཨུ་རུ་སིའི་དམག་དོན་མཚོན་ཆའི་མཛོད་ཁང་ནས་འདོན་སྤྲོད་བྱེད་རྒྱུ་རེད།

དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དཔུང་འཇུག་ལ་ཁ་གཏད་འཇལ་ཆེད། དེའི་སྔོན་དབྱི་རག་སྲིད་གཞུང་གིས་ཨུ་རུ་སི་ནས་འཐབ་འཛིང་གནམ་གྲུ་ལྔ་ཉོས་པ་དང་། མིག་སྔར་ཕྱོགས་གཉིས་ཀྱིས་ཡང་བསྐྱར་འཐབ་འཛིང་གནམ་གྲུ་བཅུ་ཉོ་བར་གྲོས་མོལ་བྱེད་བཞིན་ཡོད།

ཉིས་སྟོང་བཅུ་གསུམ་ལོར། དབྱི་རག་གིས་ཨུ་རུ་སི་ནས་སྤྱིའི་འབོར་གྲངས་མེ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་ཀྱི་འཕུར་མདའ་དང་འཐབ་འཛིང་གནམ་གྲུ་སོགས་དམག་དོན་སྒྲིག་ཆས་ཉོ་སྡུད་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག