མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་དབྱི་སི་རལ་གྱི་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭར་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། ཁོས་ཁ་ཚིག་དྲག་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་སློབ་གྲྭ་ཞིག་ལ་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཁུངས་སྣེ་ལ་གཞིགས་ན་དེ་ནི་དབྱི་སི་རལ་གྱི་དམག་དཔུང་གིས་མེ་སྒྱོགས་གཏོང་འཕེན་བྱས་པ་ལས་བཟོས་པ་རེད་ཟེར།

ཕན་ཅི་ཝུན་ཉིན་དེར་ཁོ་སི་ཐཱ་རེ་ཁཱའི་རྒྱལ་ས་ཧྲིན་ཧི་སེ་རུ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། གཉིད་དུ་ཡུར་བའི་བྱིས་པ་དག་ལ་འཇབ་རྒོལ་བྱེད་དེ་ལས་ཐ་ཤལ་གྱི་བྱ་སྤྱོད་ཅིག་ཡོད་མི་སྲིད་ཟེར། འཇབ་རྒོལ་ཐེབས་པའི་ཅེ་པཱ་ལེ་ཡེ་བུད་མེད་སློབ་ཆུང་དུ་ཕཱ་ལེ་སི་ཐན་གྱི་ཁྱིམ་ཚང་མང་བོ་བསྡད་ཡོད་པ་དང་། དེའི་ས་གནས་ཐེངས་མང་བོར་དབྱི་རག་གི་དམག་དཔུང་ལ་སྙན་ཞུ་བྱས་ཡོད། ཐེངས་འདིའི་འཇབ་རྒོལ་ཧ་ལས་པའི་དོན་ཞིག་དང་དག་འབུད་བྱེད་ཐབས་མེད་པས་འགན་འཁྲི་རྩད་གཅོད་གསལ་བོ་བྱེད་དགོས་ཟེར། ཁོས་ཡང་བསྐྱར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་པར་འཐད་པ་འབྱུང་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་དང་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་ལས་ཁང་འགུལ་སྐྱོད་སྡེ་ཁག་གི་འགན་ཁུར་བ་ཡའོ་ཧན་ཅིན་གྱིས་ཉིན་དེར་དོན་དེའི་ཐད་ནས་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཨེ་ལེ་ཡཱ་སུང་གིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭར་མེ་སྒྱོགས་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་སེར་དཀྱུས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་མང་ཆེ་བ་བྱིས་པ་ཡིན་ལ། གཞན་ད་རུང་མི་བརྒྱ་ཕྲག་ལྷག་ལ་རྨས་ཕོག་ཡོད། གནས་དེར་མི་སེར་དཀྱུས་མ་སྟོང་གསུམ་ལྷག་ཡོད་པ་དབྱི་སི་རལ་གྱི་དམག་དཔུང་གིས་གསལ་བོར་ཤེས་ཡོད་ཟེར།

ཡའོ་ཧན་ཅིན་གྱིས་བཤད་རྒྱུར། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕ་ལེ་སི་ཐན་ལ་རོགས་སྐྱོར་དང་བཟོ་སྐྲུན་ཁྲུའུ་ཡི་སློབ་གྲྭ་སོ་སོར་གནས་བཅས་པའི་མི་འབུམ་གཉིས་དང་ཁྲི་བཞི་ཡོད་ཀྱང་། བདེ་འཇགས་ཡིན་པའི་གནས་གཅིག་ཀྱང་མེད་ཟེར། ཁོས་ཞོར་དུ་དེའི་སྔོན་མེ་ཤུགས་འཕུར་མདའ་སོགས་མཚོན་ཆ་རྙེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭ་དེ་དག་ཚང་མ་ནི་བཀོལ་སྤྱོད་བྱེད་ཀྱིན་མེད་པའི་སློབ་གྲྭ་ཡིན་པ་དང་། དེར་མི་གཅིག་ཀྱང་བསྡད་མེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་མའོ་སི་ཡིས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་གློག་འདོན་ས་ཚིགས་གཅིག་པུར་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་གཏོར་བཤིག་ཐེབས་པ་དང་། དུས་ཡུན་ཐུང་ཐུང་ཞིག་གི་ནང་སླར་གསོ་བྱེད་དཀའ་ལ། ཅཱ་ཧྲ་ས་ཁུལ་གྱི་ཁྱིམ་ཚང་མང་ཤོས་ལ་ཆ་སྙོམས་ཉིན་རེར་དུས་ཚོད་གཉིས་ལ་མ་གཏོགས་གློག་འདོན་སྤྲོད་བྱེད་ཐབས་མེད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ལེ་ཁི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཚེས་ཉེར་གསུམ་ཉིན་གྱི་འཁྲུག་རྩོད་ལས་ཉུང་མཐར་ཡང་བྱིས་པ་ཉིས་བརྒྱ་དང་ཞེ་ལྔ་རྐྱེན་ལམ་དུ་ཤོར་ཟེར། ཨ་མའོ་སི་དང་ལེ་ཁི་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་བཞག་སྟེ་ཉེས་མེད་མི་སེར་སྔར་ལས་མང་བོར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཅཱ་ཧྲ་ས་ཁུལ་དུ་ཡོད་པའི་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེག་ཁག་གིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་རྣོ་དབལ་སྲུང་བའི་འགུལ་སྐྱོད་ཅེས་པ་ལས་ཕཱ་ལེ་སི་ཐན་གྱི་མི་སྟོང་གཅིག་དང་སུམ་བརྒྱ་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བདུན་དང་དྲུག་བརྒྱ་ལྷག་ལ་རྨས་ཕོག དེའི་ནང་མང་ཆེ་བ་མི་སེར་དཀྱུས་མ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག