མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-31 10:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་གྲོས་ཆོད་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་འགན་ཡུན་ལོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་དང་། ཞོར་དུ་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱ་འགུལ་ལ་རྒོལ་གཏམ་བཏང་།

གྲོས་ཆོད་ལས་རོགས་སྐྱོར་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། གྲོས་ཆོད་ལས་ད་རུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་གཞི་རྒྱ་ཆེ་བའི་དཔུང་འཇུག་བྱ་འགུལ་སྤེལ་ཏེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། དབྱི་རག་གི་མིག་སྔའི་བདེ་འཇགས་གནས་བབ་དང་དབྱི་རག་གི་མི་སེར་ཁྲི་སྟོང་མང་བོ་རང་ཁྱིམ་དང་བྲལ་བའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

གྲོས་ཆོད་ལས་བཤད་རྒྱུར། དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱིས་དབྱི་རག་གི་མངའ་ཁོངས་ནས་དཔུང་འཇུག་བྱ་འགུལ་སྤེལ་བ་ནི་རྒྱལ་ཁབ་དེའི་མ་འོངས་པའི་འཇིགས་ཉེན་ཚབས་ཆེན་ཞིག་ཡིན་པ་དང་། འཇིགས་ཉེན་དེ་མེད་པར་གཏོང་བའི་ཐབས་ལམ་ཉག་ཅིག་ནི་དབྱི་རག་པས་མཉམ་དུ་འབད་བརྩོན་བྱས་ཏེ་བདེ་འཇགས་དང་ཆབ་སྲིད་ཁྱབ་ཁོངས་ཀྱི་དགོས་མཁོ་ཐག་གཅོད་བྱེད་པ་དེ་ཡིན་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོན་དེར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཚོགས་ཁག་དང་མི་སྒེར་སོགས་ལ་བཀག་སྡོམ་བྱེད་འདོད་ཡོད་པར་མ་ཟད། ཐད་ཀར་རམ་བརྒྱུད་ནས་འཇིགས་སྐུལ་རྩ་འཛུགས་དེར་འབྲེལ་འདྲིས་བྱས་ཏེ་དབྱི་རག་གི་རྡོ་སྣུམ་ཉོ་ཚོང་ལ་ཞུགས་པའི་ཚོགས་ཁག་གང་རུང་ལ་རྒོལ་གཏམ་དྲག་པོ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག