མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་མི1400ལྷག་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-01 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་དམག་དཔུང་གི་རྣོ་དབལ་སྲུང་བའི་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་སྟོང་གཅིག་དང་བཞི་བརྒྱ་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བརྒྱད་ལྷག་ལ་རྨས་ཕོག ཤི་རྨས་ཐེབས་མཁན་གྱི་སུམ་ཆའི་གཉིས་ཙམ་མི་སེར་དཀྱུས་མ་རེད་ཟེར།

འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བདེན་དཔང་བྱས་དོན། ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་དྲུག་ཅཱ་ཧྲའི་དབུས་ཁུལ་ནས་དབྱི་སི་རལ་གྱི་དམག་དཔུང་གིས་འགས་གཏོར་བཏང་སྟེ་བསད་པ་དང་། ཉིན་དེར་སྨན་བཅོས་མི་སྣས་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ཞིག་རོའི་ཁྲོད་ནས་བེམ་པོ་བདུན་རྙེད་ཡོད་ཟེར།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་དེ་མུ་མཐུད་དུ་རྒྱུན་བསྲིང་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་རྣམ་འགྱུར་དེ་འདྲ་བསྟན་པ་ནི་འོལ་ཚོད་བྱེད་པའི་མཚོན་རྟགས་ཡིན་པ་དང་། དབྱི་སི་རལ་ད་ལྟ་ཉམས་ཉེན་གྱི་གནས་སུ་ལྷུང་ཡོད་ཟེར། གསལ་སྒྲོག་ལས་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བཏོན་པའི་རེ་བ་ཡོད་ཚད་ཡིད་བཞིན་དུ་མ་བསྐང་བའི་སྔོན་ལ་ཅཱ་ཧྲ་ས་ཁུལ་གྱིས་འཁྲུག་རྩོད་མཚམས་འཇོག་མི་སྲིད་ཟེར།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ནམ་གུང་ཅཱ་ཧྲ་ས་ཁུལ་དེ་གནོད་ཐེབས་ས་ཁུལ་དུ་ཁྱབ་སྒྲོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་འཕྲིན་ཡིག་བསྐུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པས་ཅཱ་ཧྲ་ས་ཁུལ་དུ་བྲེལ་མྱུར་གྱིས་སྨན་རྫས་དང་ཟས་རིགས། བཏུང་ཆུ། གནས་སྐབས་ཀྱི་སྡོད་གནས་སོགས་མཁོ་འདོན་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག