མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྲོས་ཁང་གིས་ཙུང་ལིའི་ལས་ཁུར་དགོངས་ཞུ་དང་ལེན་མ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-01 10:47

ཞིན་ཧྭ་གསར་འགྱུར་ཁང་་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྲོས་ཁང་གིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་འདེམ་ཤོག་འཕང་ནས་བརྡས་ཐག་བཅད་དེ། ཙུང་ལི་ཡཱ་ཚེ་ཉིག་ཁི་ཡི་ལས་ཁུར་དགོངས་ཞུ་དང་ལེན་མ་བྱས།

གྲོས་ཁང་གིས་ཉིན་དེར་ཐོག་མར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམག་གྲོན་འགྲོ་སོང་ཇེ་མང་དུ་གཏོང་མིན་ལ་བརྡས་ཐག་བཅད་པ་དང་། གྲོས་གཞི་དེར་འདེམ་ཤོག་ཉིས་བརྒྱ་དང་སོ་དགུ་ཡིས་གྲོས་འཆམ་བྱུང་། དེའི་རྗེས་ཙུང་ལིའི་ལས་ཁུར་དགོངས་ཞུ་དང་ལེན་བྱེད་མིན་ལ་བརྡས་ཐག་བཅད། བསྡོམས་པས་གྲོས་མི་སུམ་བརྒྱ་དང་སོ་དགུ་བརྡས་ཐག་གཅོད་པའི་བྱ་བར་ཞུགས། དེའི་ནང་ཡཱ་ཚེ་ཉིག་ཁི་ཡིས་ལས་ཁུར་དགོངས་ཞུ་བྱེད་པར་གྲོས་མི་བཅུ་དྲུག་མ་གཏོགས་འཐད་པ་བྱུང་མེད་པས་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་ཚད་དུ་བསླེབ་མེད།

གྲོས་ཁང་གིས་ཙུང་ལིའི་ལས་ཁུར་དགོངས་ཞུ་དང་ལེན་མ་བྱས་ཀྱང་། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། ཝུའུ་ཁི་ལན་གྲོས་ཁང་གིས་ཉིན་སུམ་ཅུའི་ནང་སྲིད་འཛིན་མནའ་འབྲེལ་གསར་བ་འཛུགས་དགོས་པ་དང་། དེ་ལྟ་མིན་ཚེ་ཙུང་ཐུང་གིས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་བའི་དབང་ཆ་ཡོད་པ་རེད།

ཟླ་བདུན་པའི་ཚེས་ཉེར་བཞིའི་རིང་། ད་ལྟའི་སྲིད་འཛིན་མནའ་འབྲེལ་ཏེ་ཡོ་རོབ་གླིང་གི་གདམ་གསེས་ཞེས་པ་ཝུའུ་ཁི་ལན་དམངས་གཙོའི་བཅོས་བསྒྱུར་མནའ་འབྲེལ་དང་རང་དབང་ཏང་ཕྱིར་བུད་པ་ལས་གཏོར་བ་རེད། ཡཱ་ཚེ་ཉིག་ཁི་ཡིས་སྲིད་འཛིན་མནའ་འབྲེལ་གཏོང་བ་དང་། གྲོས་ཁང་གིས་དམག་གྲོན་འགྲོ་སོང་ཇེ་མང་དུ་གཏོང་བར་ཚོད་འཛིན་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག