མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ལེ་སི་ཐན་གྱི་མང་ཚོགས་ཀྱིས་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་མང་ཚོགས་ཀྱིས་ཚེས་གཅིག་ཉིན་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་། རྔམ་སྟོན་པ་དང་དབྱི་སི་རལ་གྱི་དམག་མིའི་བར་དུ་འཁྲུག་རྩོད་བྱུང་ནས། ཕ་ལེ་སི་ཐན་པ་གཉིས་རྐྱེན་ལམ་དུ་ཤོར།

གནས་ཚུལ་མཐོང་མཁན་གྱིས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་ན་གཞོན་བརྒྱ་ཕྲག་འགས་ཉིན་དེའི་ཕྱི་དྲོར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་མང་པོ་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱས། རྔམ་སྟོན་པས་དབྱི་སི་རལ་གྱི་དམག་མིར་རྡོ་ཡིས་བརྒྱབ་པ་དང་། དབྱི་སི་རལ་གྱི་དམག་མིས་དུ་འཕྱུར་འབར་མདེལ་འཕངས་ཏེ་རྒོལ་ལན་སྤྲད་ཟེར། སྨན་བཅོས་མི་སྣས་བཤད་རྒྱུར། འཁྲུག་རྩོད་ཁྲོད་དུ་ཉུང་མཐར་ཡང་ཕ་ལེ་སི་ཐན་པ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་སོང་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་རལ་གྲིའི་འགུལ་སྐྱོད་ཅེས་པ་སྤེལ་བའི་ཚུན་ལ། ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་ཕ་ལེ་སི་ཐན་པ་དང་དབྱི་སི་རལ་གྱི་དམག་དཔུང་བར་གྱི་འཁྲུག་རྩོད་དང་། ད་དུང་ཕ་ལེ་སི་ཐན་པ་དང་ཉེ་འདབས་ཀྱི་ཡུག་ཐེ་གཏན་སྡོད་པའི་བར་གྱི་འཁྲུག་རྩོད་དེ་མངོན་གསལ་གྱིས་ཚབས་ཇེ་ཆེར་སོང་བ་དང་། མིག་སྔའི་བར་དུ་ས་དེའི་ཕ་ལེ་སི་ཐན་པ་དགུ་རྐྱེན་ལམ་དུ་ཤོར་ཡོད།

ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉི་ཀ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་དུས་ཚོད་དོན་གཉིས་རིང་དམག་འཁྲུག་མཚམས་འཇོག་པར་འཐད་པ་བྱུང་རྗེས། ཕྱོགས་གཉི་ཀས་ཚེས་གཅིག་ཉིན་ཡང་བསྐྱར་ཅ་ཧྲ་ས་ཁུལ་ནས་དམག་འཁྲུག་བརྒྱབ་སྟེ། ཕ་ལེ་སི་ཐན་པ་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར། དམག་འཁྲུག་དེའི་འབྱུང་རྐྱེན་ཐད་ནས་ཕྱོགས་གཉིས་ཀྱི་བཤད་ཚུལ་མི་འདྲ་བ་དང་། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་མཚམས་བཞག་པ་ཡིན་ཞེས་བསྒྲགས། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། ཁོས་ཚེས་གཉིས་ཉིན་ཕ་ལེ་སི་ཐན་གྱི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁའེ་ལོ་ལ་སོང་ནས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག