མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ནས་ཧན་གོ་དང་ཨ་མེ་རི་ཁའི་དམག་སྦྱོང་གིས་ཕྱེད་གླིང་གི་ཞི་བདེ་ལ་འཇིགས་སྣང་བཟོས་པར་སྐྱོན་བརྗོད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་གཞོན་པ་ལིས་ཏུང་རི་ཡིས་ཚེས་གཅིག་ཉིན་ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་སྦྱོང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་བཏང་ནས། དམག་འཁྲུག་གི་ཉེན་ཁ་བཟོས་ཞེས་སྐྱོན་བརྗོད་བྱས།

ལིས་ཏུང་རི་ཡིས་ཉིན་དེར་ཉིག་ཡའོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་ནས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། གཅིག་སྟོང་དགུ་བརྒྱ་ང་གསུམ་ལོ་ནས་བཟུང་། ཨ་མེ་རི་ཁས་ལོ་རེ་རེར་ཁྲའོ་ཞན་ཕྱེད་གླིང་ནས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་སྦྱོང་སྤེལ་ཏེ། གནས་བབ་ཛ་དྲག་ཏུ་བཏང་སྟེ། ཁྲའོ་ཞན་ཕྱེད་གླིང་ལ་དམག་འཁྲུག་ཉེན་ཁ་བཟོས། དམག་སྦྱོང་དེ་དག་ལ་བཙན་འཛུལ་དང་བསྙད་བརྐོའི་ངོ་བོ་ཡོད་པ་དང་། དམག་སྦྱོང་གི་དུས་ཚོད་དང་གཞི་ཁྱོན་གྱིས་ཁྲའོ་ཞན་ཕྱེད་གླིང་གི་འཇིགས་སྣང་དང་བརྙས་བཅོས་གཙོ་བོ་ནི་ཨ་མེ་རི་ཁ་ནས་ཡོང་བ་ར་སྤྲོད་གསལ་བོ་བྱས་ཡོད་ཟེར།

ཁོས་བཤད་རྒྱུར། ཁྲའོ་ཞན་གྱིས་ཉེ་སྔོན་འཕུར་མདའ་འཕངས་པ་སོགས་ནི་འཇིགས་སྣང་དེར་ཁ་གཏད་འཇལ་བའི་རང་བྱུང་དང་རང་སྲུང་གི་འགུལ་སྐྱོད་ཅིག་ཡིན། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་སྦྱོང་དེ་ལོ་རེ་རེར་ངེས་པར་དུ་སྤེལ་དགོས་པའི་དོན་དག་ཞིག་ཏུ་གྱུར་ཡོད་པས། ཁྲའོ་ཞན་ཕྱོགས་ཀྱིས་ཀྱང་ལོ་རེ་རེ་བཞིན་རྒྱུན་ལྡན་ལྟར་དུ་དེར་ཁ་གཏད་འཇལ་བའི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ལ། འགུལ་སྐྱོད་སྤེལ་ཐབས་ནི་འཕུར་མདའ་འཕེན་པ་དང་ཉིང་རྡུལ་ཚོད་ལྟ་བྱེད་པ། ཡང་ན་གཞན་པ་བཅས་ཡིན་སྲིད་ཟེར།

ལིས་ཏུང་རི་ཡིས་བཤད་རྒྱུར། ཁྲའོ་ཞན་གྱི་འཐུས་ཚབ་ཚོགས་པས་ན་ནིང་གི་ཟླ་བདུན་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་འཕྲིན་ཡིག་བསྐུར་ཏེ། ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་སྦྱོང་གི་དོན་དག་ཐད་ནས་བྲེལ་མྱུར་ཚོགས་འདུ་བསྡུ་རྒྱུའི་རེ་བ་བཏོན་ནའང་། ད་སྔ་ད་དུང་དེར་ལན་འབྱོར་མེད་པས། ཁོས་བལྟས་ན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསམ་བཞིན་དུ་དོན་དེ་སྣང་མེད་ལ་བཞག་པར་འདོད་ཟེར། ལིས་ཏུང་རི་ཡིས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་མུ་མཐུད་དུ་དམག་སྦྱོང་བྱས་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེར་ཁ་ཡ་མི་བྱེད་ན། ཁྲའོ་ཞན་གྱིས་རང་གིས་དེར་ཁ་གཏད་འཇལ་བའི་བྱེད་ཐབས་གདམ་རྒྱུ་ཡིན་ཟེར།

ཁྲའོ་ཞན་ཞི་བདེ་རྒྱབ་སྐྱོར་རྒྱལ་ཡོངས་མི་རིགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ནས། ཧན་གོ་དང་ཨ་མེ་རི་ཁས་ཟླ་བརྒྱད་པར་སྤེལ་རྩིས་ཡོད་པའི་མཉམ་འབྲེལ་དམག་སྦྱོང་དེ་མི་སྤེལ་རྒྱུའི་རེ་བ་དྲག་པོ་བཏོན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཁྲའོ་ཞན་གྱིས་ཉིང་རྡུལ་གྱིས་ཉིང་རྡུལ་ལ་ཁ་གཏད་འཇལ་བ་དང་། འཕུར་མདས་འཕུར་མདའ་ལ་ཁ་གཏད་འཇལ་བའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པར་མ་ཟད། རང་སྟེང་གི་དམག་དོན་སྦྱོང་བརྡར་ཡུན་རིང་ཅན་དང་རྒྱུན་ལྡན་ཅན་དུ་བཏང་ནས་ཧན་གོ་དང་ཨ་མེ་རི་ཁའི་དམག་སྦྱོང་ལ་ཁ་གཏད་འཇལ་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག