མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱིས་ཧ་མ་སིའི་དོང་ལམ་རྩ་བ་ནས་བརླག་རྒྱུའི་དམ་བཅས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། དམག་འཁྲུག་མཚམས་བཞག་ཀྱང་རུང་མ་བཞག་ཀྱང་རུང་། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་འཇིགས་སྐུལ་དོང་ལམ་རྩ་བ་ནས་བརླག་རྒྱུའི་སེམས་ཐག་བཅད་ཡོད་ཟེར།

དབྱི་སི་རལ་གྱིས་ཧ་མ་སི་ཡིས་དོང་ལམ་དྲ་བ་བརྒྱུད་དེ་དབྱི་སི་རལ་ལ་འཇབ་རྒོལ་བྱེད་བཞིན་པར་གཏན་ཁེལ་བྱས་པ་དང་། ནེ་ཐ་ཉི་ཡ་ཧུའུ་ཡིས་ཐི་ལ་ཝེ་ཧྥུའུ་ནས་བསྡུས་པའི་དམིགས་བསལ་ནང་སྲིད་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་ད་བར་དུ་འཇིགས་སྐུལ་དོང་ལམ་བཅུ་ཕྲག་བརླགས་ཟིན་ལ། ང་ཚོས་དམག་འཁྲུག་མཚམས་འཇོག་མིན་ལ་མ་བལྟས་པར་ལས་འགན་དེ་ཡོངས་འགྲུབ་བྱེད་རྒྱུའི་སེམས་ཐག་བཅད་ཡོད་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་རྒྱལ་དམངས་ཀྱི་བདེ་འཇགས་ཆེད་དུ་གོང་གི་ལས་འགན་དེ་ཡོངས་འགྲུབ་བྱེད་པར་བར་ཆད་བྱེད་པའི་དམག་འཁྲུག་མཚམས་འཇོག་པའི་ཇུས་གཞི་ཅི་ཞིག་ཡིན་རུང་། ངས་དེ་དང་ལེན་བྱེད་མི་སྲིད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཟླ་བདུན་པའི་ཚེས་བརྒྱད་ཉིན་ནས་བཟུང་ཅ་ཧྲ་ས་ཁུལ་ནས་རལ་གྲིའི་འགུལ་སྐྱོད་ཅེས་པ་སྤེལ་ལ། ཚེས་བཅུ་བདུན་ཉིན་ས་ངོས་ཀྱི་དམག་དཔུང་ཡང་མངགས་མྱོང་། ནེ་ཐ་ཉི་ཡ་ཧུའུ་ཡིས་བཤད་རྒྱུར། ཅ་ཧྲ་ས་ཁུལ་དེ་དམག་དོན་མ་ཡིན་པའི་ས་ཁུལ་དུ་བསྒྱུར་དགོས་ལ། ཧ་མ་སིའི་དོང་ལམ་རྩ་བ་བརླག་པ་དེ་ནི་གོམ་པ་དང་པོ་ཡིན་ཟེར།

ནེ་ཐ་ཉི་ཡ་ཧུའུ་ཡིས་གོང་གི་སྐད་ཆ་དེ་མ་བཤད་པའི་དུས་ཚོད་འགའི་སྔོན་ལ། དབྱི་སི་རལ་དམག་ཕྱོགས་ཀྱིས་ཡང་བསྐྱར་གྲ་སྒྲིག་དམག་མི་ཁྲི་གཅིག་དང་སྟོང་དྲུག་བསྡུས་ཏེ། ཅ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སྔར་ལས་རྒྱ་བསྐྱེད་པར་གྲ་སྒྲིག་བྱས་ཡོད་པར་བདེན་དཔང་བྱས། དེ་བས་རེབ་འདིར་བསྡུས་པའི་གྲ་སྒྲིག་དམག་མིའི་སྤྱི་གྲངས་ཁྲི་བརྒྱད་དང་སྟོང་དྲུག་ལ་བུད་ཡོད་པ་དང་། དམག་ཕྱོགས་ཀྱིས་དམག་མི་ཅི་ཙམ་རལ་གྲིའི་འགུལ་སྐྱོད་ཁྲོད་ཞུགས་རྒྱུ་ཡིན་པ་གསལ་བོར་མ་བཤད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མི་ཕེ་ལའེ་ཡིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་དབྱི་སི་རལ་གྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་བྱས་ཏེ། ཅ་ཧྲ་ས་ཁུལ་གྱི་སྡོད་ཁང་དང་སློབ་གྲྭ། སྨན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཆས་བཅས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།

ཕེ་ལའེ་ཡིས་བཤད་རྒྱུར། སྡོད་ཁང་དང་སློབ་གྲྭ། སྨན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཆས་བཅས་ལ་འཇབ་རྒོལ་བྱས་པ་དེ་ནི་ཤེས་བཞིན་དུ་བསམ་གཟས་ནས་སྤེལ་བ་ཞིག་ཡིན་པར་འདོད་དེ། རྒྱལ་སྤྱིའི་བཅའ་ཁྲིམས་ལྟར་ན། དམག་དོན་ཕྱོགས་སུ་བཀོལ་སྤྱོད་བྱེད་བཞིན་མེད་ཚེ། གོང་གི་སྒྲིག་ཆས་དེ་དག་འཇབ་རྒོལ་གྱི་དམིགས་འབེན་དུ་འགྱུར་མི་འོས་ཟེར།

ཕེ་ལའེ་ཡིས་བཤད་རྒྱུར། གལ་ཏེ་འཇབ་རྒོལ་བྱེད་ནའང་སྔོན་ལ་ཉེན་བརྡ་བཏང་སྟེ་མི་སེར་ཉེན་ཁར་གཡོལ་དུ་འཇུག་དགོས་མོད། དབྱི་སི་རལ་གྱིས་དམག་དོན་འགུལ་སྐྱོད་སྤེལ་སྐབས། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཆེས་རྩ་བའི་རེ་བ་དེ་དག་ཀྱང་སྣང་མེད་དུ་བཞག་སོང་ཟེར།

ཕེ་ལའེ་ཡིས་དབྱི་སི་རལ་གྱི་བྱ་སྤྱོད་དེར་རྟོག་ཞིབ་བྱེད་དགོས་པའི་རེ་བ་བཏོན་པ་དང་། ང་ཚོས་འགན་མི་འཁུར་བའི་འགུལ་སྐྱོད་འདིའི་རིགས་མུ་མཐུད་འབྱུང་དུ་འཇུག་མི་རུང་ཞེས་བཤད།

ཉིན་གཅིག་གི་སྔོན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་འགེབ་སྲུང་ཁང་བྱས་པའི་སློབ་གྲྭ་ཞིག་ལ་འཇབ་རྒོལ་ཐེབས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡ་སུང་དང་མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་འགུལ་སྐྱོད་སྡེ་ཁག་གི་འགན་འཁུར་པ་ཅའོ་ཅིན་གཉིས་ཀྱིས་ཉིག་ཡའོ་ན་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་གསར་འགོད་པའི་ཚོགས་འདུ་བསྡུས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གྲྭར་སྒྱོགས་མདེལ་འཕངས་ཏེ་ཉུང་མཐར་ཡང་མི་སེར་བཅུ་དྲུག་བསད་པ་དང་། དེའི་ནང་དུ་བྱིས་པ་འགའ་ཡོད་ལ། མི་བརྒྱ་ཕྲག་ལ་ད་དུང་རྨས་ཕོག དབྱི་སི་རལ་གྱིས་ས་དེ་ན་མི་སེར་སྟོང་གསུམ་ལྷག་ཡོད་པ་གསལ་བོར་ཤེས་ཡོད་ཅེས་བཤད།

ཡིན་ནའང་དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། འཇབ་རྒོལ་དེ་ཧ་མ་སིའི་མེ་ཤུགས་འཕུར་མདས་བཟོས་པ་ཡང་ཡིན་སྲིད་ལ། ད་ལྟ་གནས་ཚུལ་དེ་ཇི་ལྟར་བྱུང་བ་ད་དུང་གཏན་ཁེལ་བྱེད་དཀའ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག