མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་དང་ཧ་མ་སི་གཉིས་དུས་ཚོད་དོན་གཉིས་རིང་དམག་འཁྲུག་མཚམས་འཇོག་པར་འཐད་པ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་གཉིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་དུས་ཚོད་དོན་གཉིས་རིང་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་བ་དང་། ཕྱོགས་གཉིས་ཀྱི་འཐུས་མིས་མི་འགྱང་བར་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་ལོ་ནས་གྲོས་མོལ་སྔར་ལས་ཞིབ་མོ་བྱེད་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ཅིག་གི་ནང་དུ། ས་དེའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་བཟུང་དམག་འཁྲུག་མཚམས་བཞག་པར་བཤད་ཡོད།

གསལ་སྒྲོག་ནང་དུ། ང་ཚོས་ཕྱོགས་སོ་སོས་རང་ཚོད་བཟུང་སྟེ་མི་ཆོས་རིང་ལུགས་ཀྱི་ཆེད་དུ་དམག་འཁྲུག་མཚམས་འཇོག་མགོ་རྩོམ་རྒྱུ་དང་། དམག་འཁྲུག་མཚམས་འཇོག་པའི་དུས་སུ་རང་རང་གི་དམ་བཅའ་ཡོངས་སུ་བརྩི་སྲུང་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ལ། ཉེས་མེད་མི་སེར་རྣམས་མྱུར་དུ་དྲག་ཤུགས་ལས་གཡོལ་དགོས་པས། དམག་འཁྲུག་མཚམས་ན་མི་སེར་ཚོར་དེ་ལྟ་བུའི་གོ་སྐབས་ཤིག་སྟེར་ཐུབ་ཅེས་བཀོད་ཡོད།

དམག་འཁྲུག་མཚམས་འཇོག་པའི་ཇུས་གཞི་དེར་ཕྱོགས་གཉི་ཀ་མྱུར་དུ་འཐད་པ་བྱུང་། ཧ་མ་སི་ཡི་མགྲིན་ཚབ་པ་ཙུའུ་ཧི་ལེ་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱི་འབོད་སྐུལ་དང་ཕ་ལེ་སི་ཐན་མང་ཚོགས་ཀྱི་གནས་ཚུལ་ལ་གཞིགས་ནས། ཕ་ལེ་སི་ཐན་ཕྱོགས་དམག་འཁྲུག་མཚམས་འཇོག་པར་འཐད་པ་ཡིན་ལ། གལ་ཏེ་དབྱི་སི་རལ་ཕྱོགས་ཀྱིས་དམག་འཁྲུག་མཚམས་བཞག་ན། ཕ་ལེ་སི་ཐན་གྱི་ཕྱོགས་ཁག་ཚང་མས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བརྩི་སྲུང་བྱེད་ངེས་ཟེར།

དབྱི་སི་རལ་གྱི་ཙུང་ལི་གཞུང་སྒྲུབ་ཁང་གི་མི་ཞིག་གིས་ཧྥ་རན་སིའི་གསར་འགྱུར་ཁང་ལ་བཤད་རྒྱུར། དབྱི་སི་རལ་གྱིས་ཨ་མེ་རི་ཁ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་ཚེས་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་བཟུང་དུས་ཚོད་དོན་གཉིས་རིང་དམག་འཁྲུག་མཚམས་འཇོག་པའི་གྲོས་གཞི་དང་ལེན་བྱས་པ་ཡིན་ཟེར།

ཕ་ལེ་སི་ཐན་གྱི་དཔོན་རིགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། རེབ་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མགོ་བརྩམས་པའི་ཚུན་ལ། ཕ་ལེ་སི་ཐན་པ་སྟོང་གཅིག་དང་བཞི་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གི་མང་ཆེ་ཤོས་མི་སེར་ཡིན་ལ། མི་སྟོང་བདུན་ཙམ་ལ་ད་དུང་རྨས་ཕོག་ཟེར། དབྱི་སི་རལ་ཕྱོགས་ཀྱིས་ཀྱང་དམག་མི་ང་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་ལྷག་ལ་རྨས་ཕོག་པ་མ་ཟད། མི་སེར་གསུམ་ཧ་མ་སིས་འཕངས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར།

དམག་འཁྲུག་མཚམས་འཇོག་པའི་དུས་ཚོད་མ་ཐོན་གོང་། དབྱི་སི་རལ་དང་ཧ་མ་སིའི་འཁྲུག་རྩོད་མཚམས་ཆད་མེད་ལ། ཧ་མ་སི་ཕྱོགས་ཀྱིས་ཁོ་ཚོས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདའ་འཕངས་པས། ཐི་ལ་ཝེ་ཧྥུའུ་ས་ཁུལ་ནས་མཁའ་སྲུང་ཉེན་བརྡ་གྲགས་སོང་ཟེར། ཅ་ཧྲ་ས་ཁུལ་གྱི་སྡོད་དམངས་ཁ་ཤས་ཀྱིས་བཤད་པ་ལྟར་ན་དབྱི་སི་རལ་གྱིས་ཀྱང་མུ་མཐུད་དུ་ཕ་ལེ་སི་ཐན་ལ་འཇབ་རྒོལ་བྱེད་བཞིན་ཡོད་ཟེར།

ཁི་ལེ་དང་ཕན་ཅི་ཝུན་གྱི་གསལ་སྒྲོག་ལྟར་ན། དམག་འཁྲུག་མཚམས་འཇོག་པའི་སྐབས་སུ། ཕྱོགས་སོ་སོའི་དྲག་ཆས་མི་སྣ་རང་ས་ནས་བསྡད་དེ་དམག་དོན་འགུལ་སྐྱོད་མཚམས་འཇོག་རྒྱུ་ཡིན་པ་མ་ཟད། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་འཐུས་མི་ཁའེ་ལོ་ལ་སོང་ནས། དུས་ཡུན་སྔར་ལས་རིང་པོར་དམག་འཁྲུག་མཚམས་འཇོག་པའི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག