མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཟླ་བདུན་པར་དབྱི་རག་གི་འཁྲུག་རྩོད་ཚབས་ཇེ་ཆེར་གྱུར་པ་དང་ཉིན་རེར་ཆ་སྙོམས་མི་བརྒྱ་ལྷག་ལ་ཤི་རྨས་ཐེབས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-02 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་ཚེས་གཅིག་ཉིན་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། ད་ལོའི་ཟླ་བདུན་པར། དབྱི་རག་གི་མངའ་ཁོངས་ནས་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་མི་སྟོང་གཅིག་དང་བདུན་བརྒྱ་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་དགུ་བརྒྱ་དོན་བརྒྱད་ལ་རྨས་ཕོག་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་བསྡོམས་རྩིས་བྱས་པ་ལྟར་ན། ཟླ་བདུན་པའི་འདས་པོའི་ཁྲོད་དུ་མི་སེར་སྟོང་གཅིག་དང་བརྒྱ་དང་གྱ་དྲུག་ཡོད་ལ། བདེ་འཇགས་དམག་དཔུང་གི་ཁོངས་མི་ལྔ་བརྒྱ་དང་ང་གཅིག་ཡོད། རྨས་མའི་ནང་དུ་མི་སེར་སྟོང་གཅིག་དང་ལྔ་བརྒྱ་བཅུ་གཅིག་དང་བདེ་འཇགས་དམག་དཔུང་གི་ཁོངས་མི་བཞི་བརྒྱ་དང་རེ་བདུན་ཡོད། ནུབ་ཕྱོགས་ཀྱི་ཨན་པ་ཨར་ཞིང་ཆེན་གྱི་ཟིང་འཁྲུག་ད་དུང་མཚམས་ཆད་མེད་པས། ཞིང་ཆེན་དེའི་ཤི་རྨས་ཀྱི་གནས་ཚུལ་ད་དུང་བསྡོམས་རྩིས་གྲངས་ཀའི་ནང་བཀོད་མེད།

བསྡོམས་རྩིས་གྲངས་ཀ་ལྟར་ན། རྒྱལ་ས་པ་ཀི་ཏ་ཆགས་སའི་པ་ཀི་ཏ་ཞིང་ཆེན་དུ་མི་སེར་ཤི་རྨས་བྱུང་བའི་གནས་ཚུལ་ཆེས་ཚབས་ཆེ་སྟེ། ད་ལོའི་ཟླ་བདུན་པར་མི་སེར་བཞི་བརྒྱ་དང་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དྲུག་བརྒྱ་དང་ཉི་ཤུ་རྨས་ཕོག གཞན་ཡང་ཤི་རྨས་ཀྱི་གནས་ཚུལ་ཅུང་ཚབས་ཆེ་བའི་ས་ཆར་ད་དུང་སཱ་ལཱ་ཧི་ཏེན་ཞིང་ཆེན་དང་ཉི་ཉི་ཝེ་ཞིང་ཆེན། ཅི་ཨར་ཁུའུ་ཁི་ཞིང་ཆེན། པཱ་པིས་ལུན་ཞིང་ཆེན། ཏེ་ཡ་ལཱ་ཞིང་ཆེན་སོགས་ཡོད།

ན་ནིང་གི་ལོ་མགོའི་ཚུན་ལ། དབྱི་རག་ནས་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་ནས། བདེ་འཇགས་གནས་བབ་ཚབས་ཇེ་ཆེར་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ལོ་སྟོད་ལ། དབྱི་རག་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་སྣ་ཚོགས་ཁྲོད་བསྡོམས་པས་མི་སེར་སྟོང་ལྔ་དང་ལྔ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག