མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཡིས་བཀག་སྡོམ་བྱེད་ཐབས་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-12 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚེས་བཅུ་གཅིག་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་སྤྱད་པའི་བཀག་སྡོམ་བྱེད་ཐབས་ཐད་ནས་དཔལ་འབྱོར་དང་ནུས་ཁུངས་ཁྱབ་ཁོངས་ནས་འབྲེལ་འདྲིས་བྱེད་རྒྱུ་འཐད་པ་བྱུང་།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། པཱ་ལོ་ཙོ་ཡིས་ཁ་པར་ཁྲོད་ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཟས་རིགས་དང་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་པར་གཏན་འགོག་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་ཡིད་འཕང་བའི་ཚུལ་བསྟན་པ་དང་། ཉོ་ཚོང་བཀག་སྡོམ་དེ་དག་ལ་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་བཤད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་འགུལ་སྐྱོད་སྤེལ་ཏེ་ཐག་གཅོད་བྱེད་པའི་ཁེ་དབང་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་མགོ་ཁྲིད་པས་བཀག་སྡོམ་བྱེད་ཐབས་ཀྱི་འབྲེལ་ཡོད་ལས་དོན་ཁྲོད་འབྲེལ་འདྲིས་བྱེད་པར་འཐད་པ་བྱུང་ཡོད་ལ། དེའི་ནང་དཔལ་འབྱོར་དང་ནུས་ཁུངས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་འཐུས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་མཐུན་སྦྱོར་སྣ་ཚོགས་འདུས་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། པཱ་ལོ་ཙོ་ཡིས་ཨུ་རུ་སི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་བྱ་བའི་ཁྲོད་ཞུགས་དགོས་པའི་འབོད་སྐུལ་བཏང་། ཞོར་དུ་ཝུའུ་ཁི་ལན་གྱི་མངའ་ཁོངས་ནས་ཕྱོགས་གཅིག་གི་དམག་དོན་འགུལ་སྐྱོད་དང་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་སྤེལ་མི་རུང་བའི་ཉེན་བརྡ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། པཱ་ལོ་ཙོ་ཡིས་ཉིན་དེར་ད་རུང་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་ཁ་པར་བཏང་སྟེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་སྲིད་གཞུང་ལ་རྒྱབ་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་འདོད་པ་བསྐྱར་སྒྲོག་བྱས།

ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་པཱ་ལོ་ཙོ་ལ་ཁ་པར་གཏོང་སྐབས་བསྟན་དོན། ཨུ་རུ་སི་ཡིས་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་དང་མཉམ་ལས་བྱས་ཏེ། ཝུའུ་ཁི་ལན་ལ་མི་ཆོས་རིང་ལུགས་ཀྱི་རླངས་འཁོར་རུ་ཁག་མངག་གཏོང་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་མགོ་ཁྲིད་པ་དང་མཉམ་དུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པའི་ནང་དོན་ཞིབ་རྒྱས་ཐད་ནས་གཅིག་གྱུར་གྲོས་འཆམ་བྱུང་ཡོད་པ་དང་། ནུབ་ཕྱོགས་ཀྱིས་དེར་བཀག་རྒྱ་བཟོ་མི་རུང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག