མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་འཐུས་མི་ཏའེ་ཝེ་སི་ཡིས་ཟླ་འདིའི་ཟླ་མཇུག་ལ་ཀྲུང་གོ་དང་ཧན་གོ། འཇར་པན་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་ཏའེ་ཝེ་སི་ཡིས་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་འཐུས་ཚབ་ཚོགས་པ་ཁྲིད་དེ་པེ་ཅིན་དུ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཀྲུང་གོའི་སྲིད་གཞུང་གི་ཁྲའོ་ཞན་ཕྱེད་གླིང་གི་ལས་དོན་གྱི་དམིགས་བསལ་འཐུས་མི་ཝུའུ་ཏཱ་ཝེ་དང་གྲོས་མོལ་བྱེད་རྒྱུ་རེད། དེའི་རྗེས་སུ་ཏའེ་ཝེ་སི་ཡིས་ད་རུང་ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་དེའི་གསལ་སྒྲོག་ཅིག་ལས་བསྟན་དོན ཏའེ་ཝེ་སི་ཡིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཀྲུང་གོ་དང་ཧན་གོ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱི་མཐོ་རིམ་དཔོན་རིགས་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཁོའི་འགྲོ་རོགས་ལ་ད་རུང་ཨ་མེ་རི་ཁའི་ཕྱོགས་དྲུག་གི་གྲོས་མོལ་གྱི་ཆེད་མངག་ཕོ་ཉ་སེ་ལེ་དང་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ཁྲའོ་ཞན་ཕྱེད་གླིང་ལས་དོན་གྱི་འགན་ཁུར་བ་ཧུའུ་ཁི་སོགས་ཡོད།

ཨ་མེ་རི་ཁས་ཁྱབ་སྒྲོག་བྱས་པིའ་ཉིན་རིམ་ལྟར་ན། ཏའེ་ཝེ་སི་སོགས་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་པེ་ཅིན་དུ་འབྱོར་ནས་ཝུའུ་ཏཱ་ཝེ་སོགས་ཀྲུང་གོའི་དཔོན་རིགས་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཚེས་སུམ་ཅུའི་ཉིན་ཁོ་ཚོ་ཧྲིག་ཨར་དུ་སོང་ནས་ཧན་གོའི་ཕྱི་འབྲེལ་པུའུ་ཕྱེད་གླིང་ཞི་བདེའི་ལས་དོན་ཁང་གི་པུའུ་ཀྲང་། ཕྱོགས་དྲུག་གྲོས་མོལ་གྱི་ཚོགས་གཙོ་ཧོང་ཅོན་ཅུའུ་དང་གྲོས་མོལ་བྱེད་རྒྱུ་རེད། ཟླ་བཅུ་བའི་ཚེས་གཅིག་ཉིན། ཁོས་ཏུང་ཅིན་ནས་འཇར་པན་ཕྱི་འབྲེལ་པུའུ་ཨེ་ཤ་ཡཱ་དང་རྒྱ་མཚོ་ཆེན་མོའི་གླིང་ལས་དོན་ཅུའུ་ཡི་ཅུའུ་ཀྲང་དབྱེ་ཡོན་ཁྲོན་དབྱེ་དང་གྲོས་མོལ་བྱེད་རྒྱུ་རེད།

ཏའེ་ཝེ་སི་ཡི་ཐེངས་འདིའི་འཚམས་འདྲི་ནི་ཁོས་ཐེངས་གཉིས་པར་ཨེ་ཤ་ཡཱ་ཤར་མའི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱས་པ་རེད། ད་ལོའི་ཟླ་དང་པོའི་ཟླ་མཇུག་ལ་ཁོས་འཐུས་ཚབ་ཚོགས་པ་ཁྲིད་དེ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ལ་འཚམས་འདྲི་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་དང་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་པ་སོགས་གནད་དོན་ཐད་ནས་རྒྱལ་ཁབ་གསུམ་གྱི་དཔོན་རིགས་དང་བསམ་འཆར་བརྗེ་རེས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག