མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱེད་པར་ངོ་རྒོལ་བྱས་ཏེ་ཨོ་པཱ་མཱ་ཡིས་ནོའུ་པེར་ཞི་བདེའི་བྱ་དགའ་ཕྱིར་སྟེར་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-26 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་དང་མྱུར་དུ་འགུལ་སྐྱོད་སྤེལ་ནས་འཐབ་འཁྲུག་དང་རིགས་རྒྱུད་རིང་ལུགས་མཇུག་སྒྲིལ་བའི་མནའ་འབྲེལ་གྱིས་ཚེས་ཉེར་ལྔ་ཉིན་ཕོ་བྲང་དཀར་པོའི་སྒོ་ཁ་ནས་ཁྲོམ་སྐོར་བྱ་འགུལ་སྤེལ་ཏེ། ཙུང་ཐུང་ཨོ་པཱ་མཱ་ཡིས་སི་རི་ཡཱ་དང་དབྱི་རག་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་ངོ་རྒོལ་བྱས། ངོ་རྒོལ་བྱ་འགུལ་ལ་ཞུགས་པའི་མི་སྣ་དག་གིས་ཨོ་པཱ་མཱ་ཡིས་ནོའུ་པེར་ཞི་བདེའི་བྱ་དགའ་ཕྱིར་སྟེར་དགོས་པའི་རེ་བ་བཏོན།

ཨ་མེ་རི་ཁའི་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱི་སྲོལ་འབྱེད་མཁན་པིན་ཅེ་མེན་གྱིས་ཉིན་དེར་བཤད་རྒྱུར། འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱིས་ཨོ་པཱ་མཱ་ཡིས་དྲག་ཤུགས་བྱེད་ཐབས་ལ་བརྟེན་ནས་སི་རི་ཡཱ་དང་དབྱི་རག་གི་གནད་དོན་ལ་ཐེ་གཏོགས་བྱས་པར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་པ་དང་། དེས་མི་སེར་དཀྱུས་མར་ཤི་རྨས་བཟོ་སྲིད། ནོའུ་པེར་ཞི་བདེའི་བྱ་དགའ་ཐོབ་མཁན་ཡིན་པའི་ཆ་ནས། ཨོ་པཱ་མཱ་ཡིས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་ལ། དྲག་ཤུགས་ཀྱིས་ཐེ་གཏོགས་བྱས་ན་ཐལ་སྤྱོད་རིང་ལུགས་སྔར་ལས་ཁ་དར་བར་རོགས་འདེགས་ཀྱི་ནུས་པ་ཐོན་སྲིད་ཟེར།

ཁོ་མོས་བཤད་རྒྱུར། ཨོ་པཱ་མཱ་ཡིས་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཨ་ཧྥུའུ་ཧན་དང་། ཕཱ་ཁི་སི་ཐན། ཡེ་མིན། སོ་མཱ་ལི། དབྱི་རག སི་རི་ཡཱ། ལི་པུ་ཡཱ་སོགས་རྒྱལ་ཁབ་མང་བོར་དམག་དོན་འགུལ་སྐྱོད་སྤེལ་ཡོད། ཨོ་པཱ་མཱ་ཡིས་ནོའུ་པེར་ཞི་བདེའི་བྱ་དགའ་ཕྱིར་སྟེར་དགོས། རྒྱུ་མཚན་ནི་ཁོར་བྱ་དགའ་དེ་ཐོབ་མི་འོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག