མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་གྲོས་ཁང་གིས་སྲིད་གཞུང་གིས་དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་པར་བར་སྣང་ནས་འཇབ་རྒོལ་བྱེད་པའི་དབང་ཆ་བསྩལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་གྲོས་ཁང་ཞོལ་མས་ཚེས་ཉེར་དྲུག་ཉིན་ཇུས་གཞི་ཞིག་བཀོད་དེ། སྲིད་གཞུང་གིས་དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་པར་བར་སྣང་ནས་འཇབ་རྒོལ་བྱེད་པའི་དབང་ཆ་བསྩལ།

དུས་ཚོད་བདུན་རིང་གི་གྲོས་ཁང་དཔྱད་གླེང་བརྒྱུད། དབྱིན་ཇིའི་གྲོས་ཁང་ཞོལ་མས་འདེམ་ཤོག་ལྔ་བརྒྱ་དང་ཉེར་བཞི་འཐད་པ་བྱུང་བ་དང་། འདེམ་ཤོག་ཞེ་གསུམ་གྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཇུས་གཞི་དེར་གྲོས་འཆམ་བྱུང་། དབྱིན་ཇིའི་སྲིད་ཏང་ཆེན་པོ་གསུམ་ཏེ་བག་འཁུམ་ཏང་དང་། རང་དབང་དམངས་གཙོ་ཏང་། བཟོ་བའི་ཏང་བཅས་ཀྱིས་བར་སྣང་ནས་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་ཀྱང་། གྲོས་མི་རེ་འགས་བར་སྣང་འཇབ་རྒོལ་ལས་དབྱིན་ཇི་སི་རི་ཡཱའི་འཁྲུག་རྩོད་ནང་ཁྲིད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད།

ཇུས་གཞི་དེ་ལས་དབྱིན་ཇིའི་དམག་དཔུང་ས་ངོས་འཐབ་འཁྲུག་ལ་ཞུགས་མི་སྲིད་པ་གསལ་བོར་བསྟན་པར་མ་ཟད། དབྱིན་ཇིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་དེ་སི་རི་ཡཱའི་མངའ་ཁོངས་སུ་རྒྱ་བསྐྱེད་མི་རུང་བར་འདོད་པ་དང་། སི་རི་ཡཱའི་མངའ་ཁོངས་སུ་བར་སྣང་འཇབ་རྒོལ་སྤེལ་བའི་གྲོས་གཞི་གང་རུང་ལ་གྲོས་ཚོགས་ཀྱིས་ཡང་བསྐྱར་འདེམ་ཤོག་འཕང་སྟེ་ཐག་གཅོད་བྱེད་དགོས་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་བསྟན་དོན། དབྱི་རག་སྲིད་གཞུང་གི་རེ་འདོད་ཞུས་པའི་དམག་དོན་ཐེ་གཏོགས་འགུལ་སྐྱོད་དེ་ཀུན་སྤྱོད་ཐད་ནས་རྐང་ཚུགས་ཐུབ་པ་ཡིན། དེས་ཆམ་ཕབ་གཏོང་དགོས་པ་ནི་ཡ་ང་བའི་འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་ཤིག་ཡིན་པས། དེ་ཁྲིམས་མཐུན་གྱི་འགུལ་སྐྱོད་ཅིག་ཡིན་པ་མངོན་གསལ་རེད་ཟེར།

བཟོ་བའི་ཏང་གི་གཙོ་འཛིན་མུས་ལེ་པན་ཏི་ཡིས་ཁཱ་མེ་ལུང་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། འགུལ་སྐྱོད་མ་སྤེལ་ན་དབྱི་རག་ནས་སྔར་ལས་མང་བའི་དམར་གསོད་དོན་རྐྱེན་འབྱུང་སྲིད་ཟེར།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་བསྟན་དོན། དབྱིན་ཇི་རྒྱལ་ཁབ་ཀྱིས་དབྱི་རག་ལ་དམག་དོན་རྒྱབ་སྐྱོར་འདོན་སྤྲོད་བྱས་ཡོད་ལ། དེའི་ནང་ཁུའུ་ཨར་ཏིའི་མི་ལ་མཚོན་ཆ་འདོན་སྤྲོད་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱས་པ་དང་། དབྱིན་ཇིའི་རྒྱལ་བོའི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་མངག་སྟེ་དམག་དོན་མྱུལ་ཞིབ་འགུལ་སྐྱོད་ལ་ཞུགས་སུ་བཅུག་པ་སོགས་འདུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག