མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱིས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་ལ་སོལ་རླངས་འདོན་སྤྲོད་བྱེད་པའི་གནད་དོན་ལ་ཐོག་མའི་གྲོས་མཐུན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་འཐུས་མིས་ཚེས་ཉེར་དྲུག་ཉིན་འཇར་མན་གྱི་རྒྱལ་ས་པའོ་ལིན་ནས་ཨུ་རུ་སི་ཡིས་ཝུའུ་ཁི་ལན་དུ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་པའི་གནད་དོན་ཐད་ནས་ཐོག་མའི་གྲོས་མཐུན་བཀོད་དེ། ད་ལོའི་དགུན་ཁར་ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དང་ཝུའུ་ཁི་ལན་ལ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་པར་འགན་སྲུང་བྱས།

ཕྱོགས་གསུམ་གྱི་གྲོས་མོལ་འཐུས་མིས་གསང་བའི་གྲོས་མོལ་བྱས་རྗེས་སྔ་གཞུག་ཏུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ནུས་ཁུངས་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ཨོ་ཐིན་ཀི་ཡིས་བཤད་རྒྱུར། ཕྱོགས་གསུམ་གྱིས་ཛ་དྲག་གི་གྲོས་མོལ་བྱས་པ་བརྒྱུད་གནས་སྐབས་ཀྱི་གྲོས་མཐུན་ཞིག་འགོད་པར་འཐད་པ་བྱུང་ཡོད་པ་དང་། ཝུའུ་ཁི་ལན་གྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཨུ་རུ་སི་མེ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་གི་རང་བྱུང་སོལ་རླངས་ཀྱི་ཆད་དངུལ་རྩིས་སྤྲོད་བྱེད་དགོས་པ་དང་། དེའི་ནང་མེ་སྒོར་ཐེར་འབུམ་གཉིས་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་རྩིས་སྤྲོད་བྱེད་དགོས་པ་རེད། ཨུ་རུ་སི་ཡིས་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་མེ་སྒོར་ཐེར་འབུམ་གཉིས་འབྱོར་རྗེས། ཝུའུ་ཁི་ལན་ལ་རང་བྱུང་སོལ་རླངས་སྨིད་རྒྱ་དཔངས་གྲུ་བཞི་མ་ལྔ་བཅུ་བརྒྱུད་འདྲེན་བྱེད་རྒྱུ་རེད་ཟེར།

ཨོ་ཐིན་ཀི་ཡིས་བཤད་རྒྱུར། གྲོས་མོལ་གྱི་འགལ་བ་གཙོ་བོ་དེ་རིན་གོང་ཡིན་པ་ལས་སོལ་རླངས་འདོན་སྤྲོད་བྱེད་མིན་དེ་མ་རེད་ཟེར། ཕྱོགས་གཉིས་ཀྱིས་གཟའ་འཁོར་རྗེས་མར་ཡང་བསྐྱར་གྲོས་མོལ་བྱས་ཏེ། མཇུག་མཐར་གྲོས་མཐུན་འགོད་པར་གྲོས་བསྡུར་ཞིབ་ཏུ་བྱེད་རྒྱུ་ཡིན་ཟེར། ཁོས་སྐོར་ཐེངས་རྗེས་མའི་གྲོས་མོལ་གྱི་བྱེ་བྲག་གི་དུས་ཚོད་དང་ས་གནས་གསལ་བཤད་མ་བྱས།

ཨུ་རུ་སིའི་ནུས་ཁུངས་པུའུ་ཀྲང་ནོའུ་ཝ་ཁི་ཡིས་བཤད་རྒྱུར། ཕྱོགས་གསུམ་གྱི་གྲོས་མོལ་གྱི་དམིགས་ཡུལ་གཙོ་བོ་ནི་ད་ལོའི་དགུན་ཁར་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དང་ཝུའུ་ཁི་ལན་ལ་སོལ་རླངས་འདོན་སྤྲོད་བྱེད་པའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཆེད་ཡིན་པ་དང་། ཕྱོགས་གསུམ་གྱིས་དགུན་ཁའི་སོལ་རླངས་ཐག་གཅོད་ཇུས་གཞི་འགོད་པར་འཐད་པ་བྱུང་ཡོད་ལ། གྲོས་མཐུན་དེའི་ནུས་ཡུན་ཟླ་ངོ་དྲུག་རེད།

ཝུའུ་ཁི་ལན་གྱི་ནུས་ཁུངས་དང་སོལ་གཏེར་བཟོ་ལས་པུའུ་ཀྲང་ཕུའུ་ལོ་ཏན་གྱིས་ཝུའུ་ཁི་ལན་གྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཨུ་རུ་སིར་མེ་སྒོ་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་གི་རང་བྱུང་སོལ་རླངས་ཀྱི་ཆད་དངུལ་སྟེར་བར་ཁས་ལེན་བྱས་ཀྱང་། ཁོས་སྔོན་ལ་མེ་སྒོར་ཐེར་འབུམ་གཉིས་སྟེར་དགོས་ན་ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་སོལ་རླངས་འདོན་སྤྲོད་བདེ་འཇགས་ལ་འགན་སྲུང་བྱེད་པ་སྔོན་འགྲོ་ཡིན་དགོས་པ་ནན་བཤད་བྱས། ཁོས་བཤད་རྒྱུར། ཕྱོགས་གསུམ་གྱིས་གཟའ་འཁོར་རྗེས་མར་མཇུག་མཐའི་ཇུས་གཞི་འདོན་རྒྱུ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག