མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བཏང་སྟེ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་གྱིས་ཨེ་པའོ་ལཱ་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ལག་བསྟར་ཏུང་ཧྲི་ཚོགས་པས་ཚེས་ཉེར་དྲུག་ཉིན་ཨེ་པའོ་ལཱ་རིམས་ནད་ཆེས་ཚབས་ཆེ་བའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་གསུམ་ལ་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་གྱི་བྲེལ་མྱུར་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཀེ་ནེ་ཡཱ་ལ་མེ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་སྟེར་རྒྱུ་དང་། ལི་པུ་ལི་ཡཱ་ལ་མེ་སྒོར་བྱེ་བ་བཞི་དང་ས་ཡ་དགུ་སྟེར་རྒྱུ་ཡིན་ལ། སེ་ར་ལེ་ཨོང་ལ་མེ་སྒོ་བྱེ་བ་བཞི་སྟེར་རྒྱུ་ཡིན་ཟེར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་ཚོད་དཔག་བྱས་ན་རྒྱལ་ཁབ་དེ་དག་གིས་ཨེ་པའོ་ལཱ་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་མེ་སྒོར་དུང་ཕྱུར་གསུམ་ལྷག་ཆད་ཡོད་ཟེར།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཏཱ་ཏི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱིས་རྒྱལ་ཁབ་དེ་གསུམ་ལ་གྱོང་གུད་ཆེན་པོ་བཟོས་པ་དང་། རྒྱལ་ཁབ་དེ་དག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་ཆེན་པོ་བྱེད་དགོས་ཟེར།

འཛམ་གླིང་དངུལ་ཁང་གིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཀེ་ནེ་ཡཱ་དང་ལེ་པུ་ལི་ཡཱ། སེ་ར་ལེ་ཨོང་བཅས་ལ་རོགས་རམ་བྱས་ཏེ་ཨེ་པའོ་ལཱ་རིམས་ནད་ལ་འགོག་རྒོལ་བྱེད་པའི་མ་དངུལ་དེ་མིག་སྔའི་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ནས་དུང་ཕྱུར་བཞི་ལ་འཕར་ཡོད་ཟེར། འཛམ་གླིང་དངུལ་ཁང་གིས་དེའི་སྔོན་སྤེལ་བའི་སྙན་ཞུ་ལས་བསྟན་དོན། ཨེ་པའོ་ལཱ་རིམས་ནད་ཀྱིས་རྒྱལ་ཁབ་དེ་གསུམ་ལ་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་དགུའི་དཔལ་འབྱོར་གྱོང་གུད་བྱུང་ཡོད་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གནས་ཚུལ་གསར་བ་ལྟར་ན། ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་ཀེ་ནེ་ཡཱ་དང་ལི་པུ་ལི་ཡཱ། སེ་ར་ལེ་ཨོང་བཅས་སུ་རིམ་བསགས་ཀྱིས་ཨེ་པའོ་ལཱ་རིམས་ནད་ཀྱི་ནད་དུག་བྱུང་བ་དང་དོགས་ཡོད་ནད་པ་སྟོང་དྲུག་དང་ཉིས་བརྒྱ་ཞེ་གཉིས་ཡོད་པ་དང་། མི་སྟོང་གཉིས་དང་དགུ་བརྒྱ་ཐིག་དགུ་རྐྱེན་ལམ་དུ་ཤོར་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག