མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་གྱི་གྲོས་ཆོད་ལ་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-27 12:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐ་ན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་སྐོར་གྱི་གྲོས་ཆོད་ཅིག་ལ་གྲོས་མཐུན་བཀོད་དེ། དབྱི་སི་རལ་གྱི་བཙན་བཟུང་མཇུག་སྒྲིལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་ཇུས་གཞི་མངོན་འགྱུར་བྱེད་པར་དུས་ཚོད་རེའུ་མིག་གཏན་འཁེལ་བྱེད་དགོས་ཟེར།

ཨ་པཱ་སི་ཡིས་ཉིན་དེའི་སྔ་དྲོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་དགུ་བའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཉིས་སྟོང་བཅུ་བཞིའི་ལོ་ནི་ཕཱ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ལོ་ཡིན་ཡང་། དབྱི་སི་རལ་གྱིས་འཛམ་གླིང་ཡོངས་ཀྱི་འབོད་སྐུལ་ལ་ཁ་ཡ་མི་བྱེད་པར་ཅཱ་ཧྲ་ས་ཁུལ་དུ་འཐབ་འཁྲུག་བསླང་སྟེ་ཤི་རྨས་དང་གཏོར་བརླག་ཚབས་ཆེན་བཟོས། ལོ་གཉིས་གསུམ་ནང་འཐབ་འཁྲུག་དང་བསྐྱར་འཛུགས་རེས་མོས་ཀྱིས་འཁོར་བསྐྱོད་བྱེད་པར་སྔོན་འགོག་བྱེད་ཆེད། ངེས་པར་དུ་རྩ་བའི་གནད་དོན་ཏེ་དབྱི་སི་རལ་གྱི་བཙན་བཟུང་མཇུག་སྒྲིལ་བ་དང་ཕཱ་ལེ་སི་ཐན་གྱི་རང་བཙན་མངོན་འགྱུར་བྱེད་དགོས་ཟེར།

ཨ་པཱ་སི་ཡིས་བཤད་རྒྱུར། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་། ཕཱ་ལེ་སི་ཐན་དང་མཉམ་འབྲེལ་རྒྱལ་ཚོགས་ཨ་རབ་རྒྱལ་ཁབ་སྡེ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཁུལ་སོ་སོའི་སྡེ་ཚོགས་ཀྱིས་འབྲེལ་འདྲིས་ཟབ་མོ་བྱས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལ་འབྲེལ་བའི་གྲོས་ཆོད་འཆར་ཟིན་ཞིག་བཏོན་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་གྲོས་འཆམ་འབྱུང་བར་འཚོལ་ཞིབ་བྱེད་རྩིས་ཡོད་ཟེར།

ཨ་པཱ་སི་ཡིས་བཤད་རྒྱུར། བྱ་བ་དེ་ནི་སྔོན་ཆད་ཀྱི་ཞི་བའི་འབད་བརྩོན་གྱི་མི་འདང་ས་ཁ་བསྐང་བའི་ཆེད་དུ་ཡིན་པ་དང་། དབྱི་སི་རལ་གྱི་བཙན་བཟུང་རྣམ་པ་མཇུག་སྒྲིལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་ཇུས་གཞི་མངོན་འགྱུར་བྱེད་པ་སོགས་ཀྱི་དམིགས་འབེན་གསལ་བོ་བྱས་ཤིང་། ཨ་རབ་ཀྱི་ཞི་བདེའི་འདོད་བློས་གཏན་འཁེལ་བྱས་པའི་བྱེ་བྲག་གི་དུས་ཚོད་ལྟར་དམིགས་འབེན་དེ་དག་མངོན་འགྱུར་བྱེད་དགོས་རྒྱུ་ཡིན་ཟེར། ཨ་པཱ་སི་ཡིས་ནན་གྱིས་བསྟན་དོན། བྱ་བ་དེ་མྱུར་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གྲོས་མོལ་སླར་གསོ་བྱེད་པར་འབྲེལ་ཡོད་ཟེར།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག