མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་དབྱི་རག་གི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་ཐེབས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་ཚེས་བཅུ་དྲུག་ཉིན་གསལ་སྒྲོག་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་པ་དྲུད་ཡོད་པའི་རླངས་འཁོར་རུ་ཁག་ཅིག་ལ་ཉིན་དེའི་སྔ་དྲོར་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་འགས་གཏོར་འཇབ་རྒོལ་ཐེབས་མོད། ཡིན་ནའང་མི་སྣར་ཤི་རྨས་བཟོས་མེད་ཅེས་བཤད།

གསལ་སྒྲོག་ནང་དུ། རླངས་འཁོར་གསུམ་གྱིས་གྲུབ་པའི་རླངས་འཁོར་རུ་ཁག་དེ་སྐབས་དེར་པ་ཀི་ཏའི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་གྲོང་ཁྱེར་དཀྱིལ་དབུས་སུ་འགྲོ་བཞིན་ཡོད་པ་དང་། འགས་གཏོར་འཇབ་རྒོལ་ཁྲོད་ནས་རླངས་འཁོར་ཞིག་ལ་གཏོར་བརླགས་ཆེན་པོ་ཐེབས། དོན་རྐྱེན་བྱུང་རྗེས་མི་ཚང་མ་བདེ་འཇགས་ངང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒར་སར་ཕྱིར་ལོག་ཅེས་བཀོད་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མིའི་ཞོར་མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པའི་ཚོགས་གཙོའི་འགན་ཁུར་མཁན་མུའུ་ལཱ་ཏི་ནོ་ཧྥུའུ་ཡིས་གསལ་སྒྲོག་ནང་དུ་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་དབྱི་རག་དང་དབྱི་རག་མི་དམངས་ལ་རོགས་སྐྱོར་བྱེད་པའི་འགུལ་སྐྱོད་ལ་གཡོ་འགུལ་གཏོང་མི་ཐུབ་པ་དང་། ངས་དབྱི་རག་སྲིད་གཞུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་འཇབ་རྒོལ་བ་ཁྲིམས་ལ་སྦྱོར་བའི་རེ་བ་བཅངས་ཡོད་ཟེར།

ན་ནིང་གི་ལོ་མགོ་ནས་བཟུང་། དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་མཚམས་མ་ཆད་པར་བདེ་འཇགས་ཀྱི་གནས་བབ་ཛ་དྲག་ཏུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པ་དང་འགྲོ་མིའི་ཐོབ་ཐང་གི་ཆེས་མཐོའི་ཆེད་མི་གཞུང་སྒྲུབ་ཁང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ད་ལོའི་ལོ་སྟོད་ལ། དབྱི་རག་གི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཆས་འཁྲུག་རྩོད་ཁྲོད་ནས་བསྡོམས་པས་མི་སེར་སྟོང་ལྔ་དང་ལྔ་བརྒྱ་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གཅིག་ལྷག་ལ་རྨས་ཕོག་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག