མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་རྒྱ་གར་གྱི་སྐམ་དམག་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་སྦྱོང་བརྡར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོར་ལག་གདང་སྦྲེལ་ཞེས་པའི་ཀྲུང་གོ་དང་རྒྱ་གར་གྱི་སྐམ་དམག་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་སྦྱོང་བརྡར་འགོ་ཚུགས་མཛད་སྒོ་དེ་ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཚེས17ཉིན་རྒྱ་གར་གྱི་མ་ཧ་ལ་སི་ཐེ་ལ་མངའ་སྡེའི་ཕུ་ན་གྲོང་ཁྱེར་ཨའོ་ཨེན་ཏེ་དམག་སྒར་དུ་འཚོགས་པ་རེད།

ཐེངས་འདིའི་མཉམ་འབྲེལ་སྦྱོང་བརྡར་ནི2007ལོ་དང2008ལོ། 2013ལོ་བཅས་ལ་ཀྲུང་གོ་དང་རྒྱ་གར་གྱིས་སྐམ་དམག་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་སྦྱོང་བརྡར་སྒྲིག་འཛུགས་བྱས་ཚུན་གྱི་སྦྱོང་བརྡར་བྱེད་ཐེངས་བཞི་པ་ཡིན་པ་དང་། དེའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་སྐམ་དམག་གི་མཉམ་འབྲེལ་སྦྱོང་བརྡར་སྤེལ་རེས་དེ་རིམ་བཞིན་སྒྲིག་གཞི་ཅན་དང་རྒྱུན་གཏན་ཅན་དུ་གྱུར་བ་མཚོན་ཡོད་ལ། དམག་གཉིས་པོའི་བར་སྤེལ་རེས་བྱེད་པའི་གལ་ཆེའི་ནང་དོན་དུའང་གྱུར་ཡོད་པས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གཅོག་པའི་རྣམ་འགྱུར་ཁ་གསལ་དང་ཆོད་སེམས་བརྟན་པོ། ནུས་པ་ཆེན་པོ་བཅས་མངོན་ཡོད་པ་རེད།

ཐེངས་འདིའི་མཉམ་འབྲེལ་སྦྱོང་བརྡར་གྱི་དམིགས་ཡུལ་ནི། དེའི་གོང་གི་མཉམ་འབྲེལ་སྦྱོང་བརྡར་ཐེངས་གསུམ་བྱས་པའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྦྱོང་བརྡར་ཐད་ཀྱི་ཉམས་མྱོང་དང་བྱ་ཐབས་སྤེལ་རེས་སྔར་བས་ལྷག་པ་བྱ་རྒྱུ་དང་། མཉམ་འབྲེལ་ཐོག་འཇིགས་སྐུལ་བྱ་སྤྱོད་ལ་ངོ་རྒོལ་བྱེད་པའི་ཐབས་ལམ་འཚོལ་ཞིབ་དང་ལག་བསྟར་བྱ་རྒྱུ། དམག་གཉིས་པོའི་བར་གྱི་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུ། རྒྱལ་ཁབ་གཉིས་པོ་དང་དམག་གཉིས་པོའི་འབྲེལ་བ་གོང་འཕེལ་གཏིང་ཟབ་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག