མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་གི་མ་འཇོག་བྱེད་མཁན་གྱིས་ཧྲང་ཧའེ་དང་ཤང་ཀང་བར་རྐང་དངུལ་ཉོ་ཚོང་འབྲེལ་མཐུད་བྱུང་བར་དོ་སྣང་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-18 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧའེ་དང་ཤང་ཀང་བར་གྱི་རྐང་དངུལ་ཉོ་ཚོང་མཉམ་འབྲེལ་མཉམ་མཐུད་ཀྱི་སྒྲིག་གཞིའི་ཚོད་ལྟ་སྤྱི་ཚེས17ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད། ལས་རིགས་ཀྱི་དབྱེ་ཞིབ་མི་སྣས། བྱེད་སྟངས་དེ་ལས། ཀྲུང་གོའི་མ་རྩའི་ཁྲོམ་ར་དེ་ཁྲོམ་ར་ཅན་དུ་ལ་འགྱུར་བའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་མཚོན་པ་དང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་གྱུར་བའི་འཕེལ་རིམ་ལ་ཡང་སྒུལ་ཤུགས་གསར་པ་ཐོབ་རྒྱུ་རེད་ཅེས་བསྟན་ཡོད།

དབྱིན་ཇིའི་དཔལ་འབྱོར་དབྱེ་ཞིབ་ལས་ཁུངས་ཀྱི་ཁའེ་ཐོའུ་སྤྱི་ཁོག་དཔལ་འབྱོར་རིག་པ་མཁས་པ་མ་ཁེ་ཝེ་ལན་སིས། ཧྲང་ཧའེ་དང་ཤང་ཀང་བར་ རྐང་དངུལ་ཉོ་ཚོང་འབྲེལ་མཐུད་བྱུང་བ་དེ་མ་དངུལ་ཀྲུང་གོ་ནས་ཕྱིར་བསྐྱོད་པའི་ཐབས་ལམ་གལ་ཆེན་ཞིག་ལ་གྱུར་རྒྱུ་ཡིན་པས། མ་འཇོག་བྱེད་མཁན་ལ་ནང་ས་དང་ཤང་ཀང་ཁྲོམ་རའི་ནང་ཐད་ཀར་འཛུལ་ཆོག་པའི་ལམ་བུ་མཁོ་འདོན་བྱེད་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཧྥ་རན་སིའི་ཕ་རི་སིའི་དངུལ་ཁང་གིས་ཚོད་རྩིས་བརྒྱབ་པར་གཞིགས་ན། ཧྲང་ཧའེ་དང་ཤང་ཀང་བར་རྐང་དངུལ་ཉོ་ཚོང་འབྲེལ་མཐུད་བྱུང་བ་དེས། 2015ལོའི་གོང་ཤང་ཀང་དུ་ཉིན་རེར་ཉོ་ཚོང་བྱེད་པའི་རྐང་དངུལ་རིན་ཐང38%བར་མཐོ་རུ་འགྲོ་རྒྱུ་རེད། དབྱེ་ཞིབ་མི་སྣས། གལ་ཏེ་ཧྲང་ཧའེ་ཡི་དངུལ་འཛིན་ཉོ་ཚོང་ཁང་དང་ཤང་ཀང་མཉམ་འབྲེལ་ཉོ་ཚོང་ཁང་གི་ལས་འཛིན་ལྷན་ཚོགས་ཟླ་སྒྲིལ་བཏང་ཐུབ་ཚེ། འཛམ་གླིང་གི་མ་རྐང་ཉོ་ཚོང་ཁྲོམ་ར་ཨང་གསུམ་པ་དེ་གཏོད་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

ཧྲང་ཧའེ་དང་ཤང་ཀང་བར་རྐང་དངུལ་ཉོ་ཚོང་འབྲེལ་མཐུད་བྱུང་བ་ཡིས། མི་དམངས་ཤོག་སྒོར་མངའ་ཁོངས་ལས་བརྒལ་ཏེ་འཁོར་རྒྱུག་བྱེད་རྒྱུར་ཕན་ཐོགས་ཡོད་པས། མི་དམངས་ཤོག་སྒོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཇུག་རྩིས་དངུལ་ལོར་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་མ་འཇོག་དངུལ་ལོར་ལ་འགྱུར་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད། སྤྱི་ཚེས12ཉིན་དབྱིན་ཇིའི་དངུལ་རྩའི་སྐབས་དོན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྲང་ཧའེ་དང་ཤང་ཀང་བར་མ་རྐང་ཉོ་ཚོང་འབྲེལ་མཐུད་བྱུང་བའི་སྒྲིག་གཞིའི་འོག མི་དམངས་ཤོག་སྒོར་དེ་ཧྲང་ཧའེ་ཡི་ཁྲོམ་རར་བཏོན་པའི་རྐང་དངུལ་ཉོ་སྒྲུབ་བྱེད་འདོད་པའི་མི་དེ་དག་གི་ངོས་ནས་བཤད་ཚེ། མི་དམངས་ཤོག་སྒོར་སྟབས་བདེ་པོའི་སྒོ་ནས་བརྗེ་རེས་བྱེད་ཆོག་གི་པས། ཉོ་ཚོང་མ་བྱས་གོང་མི་དམངས་ཤོག་སྒོར་གསོག་འཇོག་བྱེད་དགོས་ཀྱི་མེད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག