ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཧན་གོའི་ཧྲིག་ཨར་དུ་ཡོད་པའི་ཕྱི་འབྲེལ་པུའུ་ཡི་སྒོ་ཁར། ཧན་གོའི་མང་ཚོགས་རེ་འགའ་འཇར་པན་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བརྒྱད་ཉིན་འཇར་པན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་གྲོས་མོལ་བྱས་རྗེས་ཁྱབ་སྒྲོག་བྱས་དོན། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཇུག་མཐར་འདོད་སེལ་བུད་མེད་གནད་དོན་ཐག་གཅོད་བྱེད་པར་གཅིག་གྱུར་གྲོས་འཆམ་བྱུང་ཡོད་ཟེར།

འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། སྐབས་ཐོག་དེར་དམག་དཔུང་ཟབ་ཞུགས་བྱས་ཏེ་བུད་མེད་མང་བོའི་མཚན་སྙན་དང་ལ་རྒྱར་གནོད་པ་བཟོས་ཡོད། དེའི་དོན་དུ་འཇར་པན་སྲིད་གཞུང་གིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་འགན་ཁུར་དགོས་ཟེར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ནེ་ཀིའི་ཙུང་ལི་བློན་ཆེན་གྱི་མིང་བཟུང་སྟེ་ཧན་གོའི་འདོད་སེལ་བུད་མེད་ཀྱི་གནོད་ཐེབས་མཁན་ལ་ལྷག་བསམ་རྣམ་དག་གིས་དགོངས་དག་དང་རང་སྐྱོན་ངོས་ལེན་བྱས།

ཨན་ཐེན་ཝུན་ཞོང་གིས་བཤད་རྒྱུར། འཇར་པན་སྲིད་གཞུང་གིས་ཧན་གོར་འཇར་སྒོར་ཐེར་འབུམ་གཅིག་བཏང་སྟེ། ད་ལྟ་འཚོ་གཞེས་སུ་ཡོད་པའི་འདོད་སེལ་བུད་མེད་ཀྱི་གནོད་ཐེབས་མཁན་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧན་གོའི་ཕྱི་འབྲེལ་བློན་ཆེན་བློན་ཆེན་ཡུན་པེན་ཧྲི་ཡིས་གོང་གི་ནང་དོན་ལ་བདེན་དཔང་བྱས། ཁོས་བསྟན་དོན། འཇར་པན་ཕྱོགས་ཀྱིས་ཧན་གོར་སྡོད་པའི་འཇར་པན་གཞུང་ཚབ་ཁང་གི་སྒོ་མདུན་གྱི་འདོད་སེལ་བུད་མེད་ཀྱི་ཟངས་སྐུ་ལེན་དགོས་པའི་རེ་བ་བཏོན་པ་ལྟར། ཧན་གོའི་སྲིད་གཞུང་གིས་ཟངས་སྐུ་ལས་མཁན་གྱི་དམངས་ཁྲོད་ཚོགས་པར་གྲོས་མོལ་བྱས་ཏེ་གནད་དོན་དེ་ཐག་གཅོད་འོས་འཚམ་བྱེད་རྒྱུ་ཡིན་ཟེར།

ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་མཇུག་སྒྲིལ་རྗེས། ཕེའོ་ཅིན་ཧོས་དང་ཨན་པའེ་ཅིན་སན་གཉིས་ཀྱིས་ཁ་པར་བརྒྱུད་དེ་གྲོས་མོལ་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཕེའོ་ཅིན་ཧོས་ཀྱིས་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། འཇར་པན་ཕྱོགས་ཀྱིས་དམ་བཅའ་ལག་བསྟར་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། ཐེངས་འདིའི་གྲོས་མོལ་དེ་ཧན་གོ་དང་འཇར་པན་གྱི་འབྲེལ་བའི་མགོ་རྩོམ་ས་གསར་བ་ཞིག་ཏུ་འགྱུར་བར་རེ་བས་ཁེངས་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་ཏུང་ཅིན་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཐེངས་འདིའི་གོ་སྐབས་དམ་འཛིན་བྱས་ཏེ་འཇར་པན་དང་ཧན་གོའི་འབྲེལ་བའི་དུས་རབས་གསར་བ་གསར་བསྐྲུན་བྱེད་རྒྱུའི་རེ་བ་ཡོད་ཟེར། ཁོས་བཤད་རྒྱུར། གྲོས་མཐུན་བཀོད་པ་ནི་འཇར་པན་གྱི་བུ་རབས་ཚ་རྒྱུད་ཀྱིས་རང་སྐྱོན་ངོས་ལེན་དང་འགན་འཁྲི་མི་ཁུར་བའི་ཉེས་མིང་ཁུར་དུ་མི་འཇུག་པའི་ཆེད་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།