མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀླུ་ཆུ་རྫོང་ལ“ཀྲུང་གོའི་སྐོར་བྲོའི་ཕ་ས”ཞེས་པའི་ཆོ་ལོ་གནང་།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-31 10:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཚེས22ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུང་གོའི་ཞབས་བྲོ་བའི་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུངས་དང་སྡེ་ཁག་གིས་ཆོག་མཆན་གནང་འོག  ཀླུ་ཆུ་རྫོང་ནི་དངོས་སུ“ཀྲུང་གོའི་སྐོར་བྲོའི་ཕ་ས”རུ་བདམངས་ཐོན་བྱུང་།  དུས་མཚུངས་སུ་ཀླུ་ཆུ་རྫོང་གིས་ཟླ8པའི་ཚེས6ཉིན་སྐབས་གསུམ་པའི་སྐོར་བྲོ་འགྲན་ཚོགས་དང་ཞིང་སློང་དུས་ཆེན་བསྡུ་རྒྱུ་རེད།

སྐོར་བྲོ་ནི་བོད་རིགས་ས་ཁུལ་དུ་དར་བའི་གནའ་བའི་གླུ་གར་ཞིག་ཡིན་ལ།  ཀླུ་ཆུ་རྫོང་དུ་དར་ཁྱབ་བྱུང་བ་མ་ཟད་ཡུན་རིང་གི་ལོ་རྒྱུས་ལྡན། ལོ་རྒྱུས་ཡིག་ཆ་ལས་བཀོད་པ་ལྟར་ན།  ཐུ་བྷོད་རྒྱལ་རབས་དར་རྒྱས་བྱུང་ནས་སྤྱི་ལོ713ནས་སྤྱི་ལོ742བར་ཨ་མདོ་ས་ཁུལ་དུ་འཚོ་སྡོད་བྱས་ཡོད་པའི་ཐའོ་ཡས་ཧོན་འཚོ་བར་ཕམ་པར་བཏང་བ་དང་། ཤར་ཕྱོགས་སུ་དམག་དཔུང་མངགས་ཏེ་མཐའ་མཚམས་སྲུང་དུ་བཅུག  ད་ལྟ་ཀླུ་ཆུ་མངའ་ཁོངས་སུ་དམག་དཔུང་ཚང་ཆ་རྫོང་མངའ་འོག་གི་ས་གནས་སོ་སོ་རུ་འཚོ་སྡོད་བྱས་པ་དང་ཁོ་ཚོ་ནི་ཀླུ་ཆུ་རྫོང་གི་ཡང་མེས་ཡིན།  ཐུ་བྷོད་རྒྱལ་རབས་ཀྱི་འཚོ་བ་སོ་སོ་རུ་གླུ་ལེན་གར་རྩེད་བྱེད་པར་ཧ་ཅང་དགའ་ལ།  ཞིང་ལས་ངལ་རྩོལ་དང་ཕྱུགས་ལས་འཚོ་བའི་ཁྲོད་གླུ་གར་སྐོར་ཞིག་གསར་རྩོམ་བྱས་པ་དང་།  འཚོ་བར་བསྟོད་གླུ་ལེན་པ་དང་ཕ་མར་སྨོན་འདུན་ཞུ་བ། ཕ་ཡུལ་ལ་བསྔགས་བརྗོད་བྱེད་པ་སོགས་རིམ་བཞིན་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཞབས་བྲོ་ཞིག་ཏུ་གྱུར། ལོ་རྒྱུས་འདི་དག་ནི་ཀླུ་ཆུའི་སྐོར་བྲོའི་འབྱུང་ཡུལ་ཡིན་པར་གྲགས།

ཀླུ་ཆུ་རྫོང་ནི“ཀྲུང་གོའི་སྐོར་བྲོའི་ཕ་ས”ཞེས་པའི་རིག་གནས་མིང་རྟགས་ཐོབ་རྗེས།  ཀླུ་ཆུ་རྫོང་གི་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་རྟེན་གཞི་དང་བོད་མི་རིགས་ཀྱི་རིག་གནས་དཔེ་སྟོན་རྫོང་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་མ་ཟད།  སྔར་ལས་ལྷག་པར་ཀླུ་ཆུའི་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ།  མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་བྱེད་པ། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཁྱོན་ཡོངས་ནས་ཕྱི་ཕྱོགས་ལ་ཀླུ་ཆུ་རྫོང་གི་ཐུན་མོང་མ་ཡིན་པའི་བོད་ཀྱི་སྲོལ་རྒྱུན་གྱོན་གོས་དང་མི་རིགས་ཀྱི་སྒྱུ་རྩལ་འཚོ་བ་འགྲེམ་སྟོན་བྱེད་པ་སོགས་ལ་སྒེའུ་ཁུང་ཞིག་དང་སྟེགས་བུ་ཞིག་སྐྲུན་པ་རེད། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག