མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ལས་དངུལ་ཁང་གིས“སྐོར་སྐྱོད་དངུལ་ཁང”བཙུགས་ཏེ་ཀན་ལྷོའི་བོད་རིགས་ས་ཁུལ་གྱི་འབྲོག་པར་ཞབས་འདེགས་ཞུས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-12-07 12:00

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་།ཀན་ལྷོའི་བོད་རིགས་ས་ཁུལ་གྱི་འབྲོག་རར་ཀན་སུའུ་ཞིང་ལས་དངུལ་ཁང་གིས“སྐོར་སྐྱོད་དངུལ་ཁང”བཙུགས་པ་དེས་དངུལ་བཅོལ་ལེན་བྱེད་ཆོག་པ་མ་ཟད།ཆ་རྐྱེན་འཛོམས་རིགས་སྲིད་གཞུང་གིས་ཁག་ཐེག་བྱས་ཏེ་འབྲོག་པས་བུན་གཏའ་དང་སྐྱེད་ཀ་མེད་པའི་གཉིས་ཕན་ཞིང་འབྲེལ་གྱི་དངུལ་བུན་གཡར་ཆོག་པ་དང་འབྲོག་པས་ནོར་ལུག་གསོ་ཚགས་ལས་རིགས་རྒྱ་བསྐྱེད་གཏོང་རྒྱུར་རྒྱབ་སྐྱོར་ཐུབ་རྒྱུ་ཡིན་པ་རེད།

    ཀན་སུའུ་ཀན་ལྷོ་ཀྲོའུ་ཡི་རྩྭ་ཐང་ཆེན་པོའི་ཐོག་འབྲོག་པ་རྣམས་ཁ་ཐོར་དུ་གནས་པ་མ་ཟད།རྟག་ཏུ་སྐྱས་སྤོ་བས་འབྲོག་ཁུལ་དུ་ཚོང་འདུས་གྲོང་སྡེ་དང་དངུལ་རྩའི་ལས་སྒོ་གཉེར་ས་ཉུང་བར་བརྟེན་འབྲོག་པ་རྣམས་སྤྱི་ལེ་25ཡིས་ཆོད་པའི་གྲོང་ཁུལ་དུ་དངོས་ཟོག་ཉོ་སྒྲུབ་གམ་དངུལ་ཁང་དུ་དངུལ་བཅོལ་གཡར་བྱེད་པར་འགྲོ་དགོས་ཀྱི་ཡོད།

    ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་ཀླུ་ཤོད་ཤང་གྱི་ལིང་སྲིད་འཛིན་གྲོང་ཚོའི་སྐལ་བཟང་རྒྱ་མཚོ་ནི་མི་རབས་ནས་མི་རབས་བར་ནོར་དང་རི་ཕག་གསོས་ནས་འཚོ་ཐབས་བྱེད་ཀྱི་ཡོད།སྔོན་མ་ཁོང་ཚོའི་ཁྱིམ་གྱིས་ནོར་ལྔ་དྲུག་ལས་གསོ་ཐུབ་ཀྱི་མེད་པ་དང“སྐོར་སྐྱོད་དངུལ་ཁང”བཙུགས་རྗེས་ཁོང་གིས་དངུལ་བུན་གཡར་ཏེ་ཕྱུགས་རིགས་གསོ་ཚགས་བྱེད་མང་དུ་བཏང་བས་དུས་ཐུང་ལོ་གཉིས་ནང་མགོ་གྲངས་20ཙམ་འཕེལ་ཡོད།སྐལ་བཟང་རྒྱ་མཚོས“སྔོན་མ་ཐེར་གེ་བཏང་སྟེ་འགྲུལ་བཞུད་བྱེད་དགོས་པས་གྲོང་ཁྱེར་ནང་དུ་འགྲོ་བར་ཉིན་གཅིག་འགོར་གྱི་ཡོད་མོད།འོན་ཀྱང‘སྐོར་སྐྱོད་དངུལ་ཁང’བཙུགས་ནས་ང་ཚོར་དངུལ་བུན་གཡར་རྗེས་དུས་ཚོད་དང་ནུས་ཤུགས་གྲོན་ཆུང་ཐུབ་པ་མ་ཟད་ཡོང་འབབ་20%མང་དུ་ཕྱིན་ཡོད”ཅེས་བཤད།

    བོད་རིགས་ས་ཁུལ་གྱི་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་ཆེད་བོད་རིགས་ས་ཁུལ་གྱི་འབྲོག་པ་ནམ་དུས་ལ་གཞིགས་ནས་སྐྱས་སྤོས་བྱེད་པའི་གོམས་སྲོལ་ལྟར“སྐོར་སྐྱོད་དངུལ་ཁང”གིས་སྒོ་རྩར་སྐྱོད་དེ་ཞབས་འདེགས་ཞུས་ནས་འབྲོག་པར་གྲངས་ཉུང་དངུལ་བཅོལ་གཡར་གྱི་ལས་སྒོ་གཉེར་བ་དང་དེ་བས་གལ་ཆེ་བ་ཞིག་ལ་ནོར་སྲིད་ནས་སྐྱེད་ཀ་སྤྲོད་པའི་གྲངས་ཉུང་དངུལ་བུན་གྱིས་འབྲོག་པར་སྒོ་ཕྱུགས་དེ་བས་མང་བ་ཉོ་རྒྱུར་རོགས་རམ་ཐུབ་སྟེ་འབྲོག་པའི་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད།

    ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་བོད་རིགས་ས་ཁུལ་གྱི་རྩྭ་ཐང་རྒྱ་ཆེ་བའི་ཁར་འབྲོག་པ་མང་ཆེ་བས་རྒྱ་སྐད་ཤེས་ཀྱི་མེད་པས“སྐོར་སྐྱོད་དངུལ་ཁང”གིས་བོད་སྐད་ཤེས་པའི་ལས་དོན་པ་མངགས་ཏེ་འབྲོག་པར་དངུལ་བུན་གཡར་ནས་སྒོ་ཕྱུགས་འཕེལ་རྒྱུར་རོགས་རམ་བྱས་པ་དང་སྦྲགས་ཁོང་ཚོར་དངུལ་རྩའི་ཤེས་བྱ་བསླབས་པ་དང་ཞིང་འབྲོག་རིགས་གཅིག་མཁས་པ་གདན་དྲངས་པ་མ་ཟད།གལ་ཏེ་འབྲོག་པའི་ཁྱིམ་དུ་ནོར་ལུག་ན་སྐབས་ཁ་པར་བརྒྱབ་ཚེ་ན་ཚ་རྩད་ཆོད་པའམ་ཡང་ན་སྨན་པ་ཡོང་གི་ཡོད།

རྩོམ་སྒྲིག་པ། མགོན་པོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག