ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་ལྟར་གྱི་རྒྱལ་ཟླའི་ཚེས་བརྒྱད་ཉིན་ནས་བཟུང་ཀན་སུའུ་ལུང་ནན་ས་ཁོངས་ནང་གི་པད་མ་བ་ཚོས་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ“མེ་ཕུང་གཏོང་བ”ཞེས་པ་སྤེལ་ནས་དགོང་ལྟར་རྫོང་མཁར་གྱི་ཕོ་མོ་རྒན་གཞོན་ཚང་མས་མེ་ཤིང་བསྡུ་ཆ་རྒྱག་པ་དང་། མེ་སྲོ་བ། མེ་སྐོར་ཞབས་བྲོ་འཁྲབ་པ་བཅས་བྱེད་པ་དང་བྱེད་སྒོ་དེའང་ཉིན་40བསྟུད་མར་སྤེལ་གྱི་ཡོད། ཀན་སུའུ་ཝུན་རྫོང་ཐེ་ལོའུ་ཤང་གི་རི་གྲོང་ནང་པད་མ་བ་བཅུ་གྲངས་ཀྱིས་རྫོང་མཁར་དུ་མེ་ཕུང་བཏང་ནས་གླུ་ལེན་གར་འཁྲབ་བྱེད་པ་དང་། འབྲུ་རིགས་སྣ་ལྔའི་བཅུད་ཀྱི་ཉིང་ཁུ་བསྡུས་པའི་ཨ་རག་གཙང་བཞེས་བྱེད་པ། ཕོ་མོ་རྒན་གཞོན་གྱིས་ལག་གདང་སྦྲེལ་ནས་གླུ་ལེན་གར་འཁྲབ་བྱེད་པ་བཅས་ནི་ཝུན་རྫོང་གི་པད་མ་བའི་སྲོལ་རྒྱུན་གྱི་དམངས་སྲོལ་བྱེད་སྒོ“མེ་ཕུང་གཏོང་བ”ཞེས་པ་དེ་རེད། པད་མ་བའི་ངོས་ནས་བརྗོད་ན་བྱེད་སྒོ་དེ་ནས་ལོ་གསར་གཏོང་འགོ་ཚུགས་ཡོད།

ཉིན་བཞི་བཅུ་ཟིན་པའི་བྱེད་སྒོ་དེ་པད་མ་བའི་ངོས་ནས་བརྗོད་ན། མཆོད་འབུལ་དང་རོལ་རྩེད་ཙམ་མ་ཡིན་པར་པད་མ་བའི་དམངས་སྲོལ་རིག་གནས་ཀྱི་སྙིང་བཅུད་ཁྱོན་ཡོངས་ནས་མངོན་པ་ཞིག་རེད་ལ་གླུ་དང་ཞབས་བྲོ་སྦྱངས་ནས་མི་རིགས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་ཞིག་ཀྱང་རེད།

དེང་དུ་མི་འབོར་ཁྲི་1.4ཙམ་ཟིན་པའི་པད་མའི་བོད་རིགས་དེ་ཀན་སུའུ་ལུང་ནན་གྲོང་ཁྱེར་ཝུན་རྫོང་ཐེ་ལོའུ་ཤང་པད་མ་གཙང་པོའི་བབས་རྒྱུད་དང་། སི་ཁྲོན་ཕིང་ཝུའུ་རྫོང་། གཟི་ཚ་སྡེ་དགུ་རྫོང་བཅས་ཀྱི་ཁོངས་སུ་འཚོ་སྡོད་བྱེད་ཀྱི་ཡོད།

པན་ཡུན་མིང་ནི་ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་ལ་གྲོང་ཚོ་དེའི“མེ་ཕུང་གཏོང་བའི”བྱེད་སྒོའི་ནང་གི་སྲོག་ཤིང་མི་སྣའི་གྲས་ཤིག་ཀྱང་ཡིན། ཉིན་དེ་དག་རིང་ཁོང་གིས་སྔ་སང་སང་ནས་མེ་ཤིང་གྲ་སྒྲིག་བྱས་ཏེ་ཚང་མ་དང་འདྲ་བར་མེ་ཤིང་ཐང་ཆེན་དུ་ཁུར་ནས་ཉིན་བཞི་བཅུའི་བྱེད་སྒོར་མཁོ་བའི་མེ་ཤིང་མཁོ་འདོན་བྱས་པ་རེད། ཁོང་གིས“སྒྲུང་ཤོད་པ”དང“ཅི་འཕྲོས་མོལ་འཕྲོས”ཀྱི་རྣམ་པའི་ཐོག་ནས་པད་མ་བའི་ལོ་རྒྱུས་སྙན་ངག་ནང་གི་དཔའ་བོ་ཨ་ཉི་དགའ་ཁྲའི་མཛད་རྗེས་བརྒྱུད་སྤེལ་བྱེད་པ་དང་། པད་མ་བའི་སྙིང་སྟོབས་དར་སྤེལ་གཏོང་བ། པད་མ་བའི་སེམས་བཟང་གཞུམ་མེད་ཀྱི་སྙིང་སྟོབས་བརྒྱུད་བསྒྲགས་བཅས་བྱེད་ཀྱི་ཡོད།

“སྲིད་གཞུང་གིས་ང་ཚོ་པད་མ་བའི་འཚོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། སྲིད་གཞུང་གིས་གྲོང་ཚོའི་འགྲོ་ལམ་བཟོས་པ་དང་། རང་བབས་ཆུ་ཀ་ལ་འཁྲིད་པ། པད་མའི་རིག་གནས་ཐང་ཆེན་དང་རིག་གནས་འཛིན་སྦྱོང་ཁང་སྒོ་རྩར་སྐྲུན་སོང་། ཟླ་3ཚེས་5ཉིན་ཡུལ་དེ་གར་ལུང་ནན་ཝུན་རྫོང་གི་པད་མ་བའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གཉེར་རྒྱུ་ཡིན་པས་སྐབས་དེ་དུས་ངས་ཤེས་པ་ཚང་མ་སྦས་བསྐུངས་མེད་པར་ངོམས་ཀྱི་ཡིན”ཞེས་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་པན་ཡུན་མིང་གིས་བཤད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།