ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཚོང་ཟོག་བརྗེ་རེས་ར་བའི་ནང་དུ་འུར་ཟིང་གི་རྣམ་པས་ཁེངས།ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ་རྣམས་མ་འགྲོས་རང་མཐུན་གྱིས་གནས་འདིར་འཛོམས་ཏེ་གཟེར་གྲུག་འགྲན་སྡུར་ལ་ལྟ་བཞིན་ཡོད།འགྲན་ཚོགས་ལ་སུ་ཁྲོན་མཛོད་དགེ་དང་རྔ་བ།འབར་ཁམས།མཚོ་སྔོན་གཅིག་སྒྲིལ་དང་དགའ་བདེ།ཀླུ་ཆུ་དང་བླ་བྲང་སོགས་ནས་ཡོང་བའི་རུ་ཁག26ཡོད།འགྲན་ཞུགས་པ་ཚང་མ་ཆེད་ལས་སྦྱོང་བརྡར་ལ་ཞུགས་མེད་པའི་འབྲོག་དམངས་ཚོགས་ཁག་ཤ་སྟག་ཡིན་སྟབས།ཚད་ལྡན་གྱི་འགྲན་ཞུགས་ར་བ་མེད་ལ།ཆེད་ལས་སྣེ་ཁྲིད་མཁན་དང་ཚད་ལྡན་གྱི་གྱོན་ཆས་ཀྱང་མེད།ཡིན་ནའང་།འགྲན་ཞུགས་པ་ཚང་མ་སྤྲོ་སེམས་ཀྱིས་ཀུན་ནས་བརྟས་ཡོད།རྒྱུས་ལོན་ལྟར་ན།ད་ཐེངས་ཀྱི་གཟེབ་གྲུག་འགྲན་ཚོགས་འདི་ནི་རྨ་ཁུག་རྟ་རའི་དབང་ཆེན་སྐྱབས་ཀྱིས་རྩ་འཛུགས་བྱས་ཤིང་།ཁོ་ནི་གཟེབ་གྲུག་ལ་དགའ་བ་ཆེས་ཆེར་མངའ་བས་ལོ་རེར་གཟེབ་གྲུག་འགྲན་ཚོགས་ཐེངས་གཉིས་རེ་བསྡུ་བཞིན་ཡོད།ད་ཐེངས་ནི་སྐབས་བཅུ་གཅིག་པ་ཡིན།འབྲོག་པ་མང་ཚོགས་ལ་འགྲན་ཞུགས་བརྩོན་སེམས་ཧ་ཅང་ཆེ་བས་ལོ་རེར་ཆེས་མང་བར་འགྲན་ཞུགས་རུ་ཁག42ཡོད།

དབང་ཆེན་སྐྱབས་ཀྱིས་བཤད་རྒྱུར།ཡར་སྐུལ་གྱི་ནུས་པ་ལྡན་པའི་ལུས་རྩལ་ལ་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པས། འདི་ནས་ཆེད་དུ་མི་དམངས་ལ་ལུས་རྩལ་སྟེགས་བུ་ཞིག་སྐྲུན་པ་ཡིན་ལ། ས་ཕྱོགས་འདི་གའི་འབྲོག་པ་མང་ཚོགས་ལྷག་པར་སྐྱེས་པ་དག་ཤོ་རྒྱན་གྱི་ལས་ནས་བུད་དེ་ལུས་རྩལ་གྱི་ལམ་བུར་ཕྱོགས་པར་ཕན་པ་ཆེས་ཆེར་ལྡན་ཟེར། ད་ཐེངས་ཀྱི་འགྲན་ཚོགས་སུ་ཚོགས་པ་བཅུ་དྲུག་ལ་བྱ་དགའ་སྟེར་ཞིང་།བྱ་དགའི་མ་དངུལ་ནི་ཚོགས་ཞུགས་རུ་ཁག་གི་མིང་ཐོ་འགོད་རིན་ལས་བླངས་པ་ཡིན།མིང་ཐོ་འགོད་རིན་ལ་སྒོར་སྟོང་གཉིས་རེད།ཆ་ཤས་དབང་ཆེན་སྐྱབས་ཁོ་རང་ཉིད་ཀྱི་བྱིན་པ་ཡིན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།