ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་འབྲེལ་ཡོད་སྡེ་ཚན་གྱིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་ཧན་པན་དང་། འཕེན་ཏེང་། ཆུ་མགོ་ན། བོད་ཡུལ། གོང་སྨད་སོགས་ཤང་གི་རང་བྱུང་གྲོང་ཚོ་བཅུར་དམངས་ཁྲོད་དུ་གྱར་བའི་བོན་ཆོས་ཀྱི་གསུང་རབ་ལ་ཡུལ་དངོས་བརྟག་དཔྱད་བྱས་ཤིང་། བོད་རིགས་གྲོང་ཚོའི་ཁྱིམ་ཚང་བཅུ་གཉིས་ནས་བོན་ཆོས་ཀྱི་དཔེ་ཆ་པོ་ཏི་180ལྷག་ཙམ་རྙེད་པར་བམ་པོ་2500དང་ཤོག་ལྷེ་21500ལྷག་ཡོད་པ་དང་། གེགས་སེལ་མཚོན་རིས་80ལྷག ཆོས་པའི་ཡོ་བྱད་30ལྷག་བཅས་རྙེད་ཡོད།

ལན་ཀྲོའུ་སློབ་ཆེན་གྱི་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ངག་དབང་རྒྱ་མཚོས་ཡི་གེའི་ཁྱད་ཆོས་དང་། བྲིས་ཚུགས། དཔེ་ཆའི་དབུའི་མཚོན་རྟགས། ཚིག་སྦྱོར། བྲིས་མའི་གསེབ་ཀྱི་རི་མོ་སོགས་ཀྱི་ཐད་ནས་ཆོད་སྡོམ་རགས་ཙམ་བྱས་པ་བརྒྱུད་ཡིག་ཆ་དེ་དག་ནི་སྔ་དུས་ཀྱི་སྲིད་པ་བོན་གྱི་དཔེ་ཆ་ཡིན་པ་དང་ཉུང་ཤས་ནི་གཡུང་དྲུང་བོན་གྱི་དཔེ་ཆ་བྲིས་མ་ཡིན་པ་མ་ཟད། གནམ་རིག་སྐར་རྩིས་དང་། ནམ་ཟླ། མོ་ཡིག གསོལ་འདེབས་སྨོན་ལམ། ནད་གདོན་སེལ་བ། བླ་རིར་མཆོད་བཀུར། ཕྱྭ་གཡང་འགུག་པ་སོགས་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱས་པ་རེད། བོན་ཆོས་ཀྱི་ཡིག་ཚགས་བྲིས་མ་རྩ་ཆེན་དེ་ནི་ཧ་ཅང་མཐོང་དཀོན་པའི་བོད་ཡིག་གི་སྐུང་ཡིག་གིས་བྲིས་ཡོད་ལ། རིག་གཞུང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ། ཆོས་དཔེ་ཁ་ཤས་ཀྱི་ཁྲོད་ད་དུང་རྟོགས་དཀའ་བའི་བོན་ཆོས་ཀྱི་རི་མོ་མང་པོ་ཡོད་ལ་དེ་དག་ནི་བོན་ཆོས་ཀྱི་གསོལ་མཆོད་ཁྲོད་ཧ་ཅང་གལ་འགངས་ཆེ་བའི་ནང་དོན་ཡིན་ངེས་ལ་དེའི་བསྟན་དོན་འགྲེལ་དཀའ། བོན་ཆོས་ཀྱི་ཡིག་ཆ་དེ་དག་གིས་འབྲུག་ཆུ་རྒྱུག་ཡུལ་གྱི་བོད་རིགས་ཀྱི་རིག་གནས་ཁྱད་ཆོས་ལ་གཞི་འཛིན་ས་གལ་ཆེན་མཁོ་སྤྲོད་བྱས་ཁར་རིག་གཞུང་གི་རིན་ཐང་ཡང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།