ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གླུ་ངག་སྙན་མོ་དགུང་ལ་ལེན། །ཀྲུང་ཧྭའི་ཕུགས་འདུན་མངོན་དུ་འགྱུར། ། 2015ལོའི་ རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དམངས་གླུ་འགྲན་སྡུར་ཐོག་མ་སྟེ། ཀྲུང་གོ་ཀན་ལྷོའི་ འགྲན་ཚོགས་ཆེན་མོའི་སྟེང་ལ་རྒྱལ་ཡོངས་སུ་མིང་གྲགས་ཆེ་བའི་ཆེད་མཁས་དཔྱད་ འདེམས་པ་དང་རྒྱལ་ཡོངས་ཀྱི་གཙོ་རྒྱུགས་གསར་འགྱུར་སྨྱན་བྱེད་62གདན་དྲངས་ནས་བཅར་འདྲི་སྒྲོག་གཏོང་བྱེད་བཞིན་ཡོད། ཐེངས་འདིའི་བྱ་འགུལ་ནི་རིག་གནས་པུའུ་ཡི་ཀྲུང་ཧྭའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་དང་། ཀན་སུའུ་ཞིང་ཆེན་རིག་གནས་ཐིན། ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།ཀྲུང་གོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཞིབ་འཇུག་ཁང་གི་མི་རིགས་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་དང་། དབྱངས་ཅན་མ(པེ་ ཅིན)རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་སིས་སྒྲུབ་འགན་བཞེས་པ། ཀན་ལྷོ་རྒྱང་སྒྲོག་ བརྙན་འཕྲིན་ཁང་དང་གཙོས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རོགས་སྒྲུབ་བྱས་ཡོད།

གསར་འགོད་པས་འགྲན་ཚོགས་ཆེན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ་དབྱངས་ཅན་གུ་རུ་ལ་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་ བྱ་འགུལ་གྱི་དཔྱད་འདེམས་ཚོགས་པ་ནི་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་གདན་འདྲེན་རྒྱུ་ཡིན་ཏེ། གྲངས་ཉུང་མི་རིགས་ཀྱི་རོལ་དབྱངས་སྒྱུ་རྩལ་གཉེར་བའི་ཁྱབ་ཁོངས་སུ་ཆེས་སྐད་ གྲགས་ཆེ་བའི་ཆེད་མཁས་དཔྱད་འདེམས་པ་མིན་ལིན་དང་མུས་རའོ་སོགས་ཀྱིས་མཚོན་པའི་མིང་གྲགས་ཅན33དེ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་བོད་ལྗོངས་དང་། མཚོ་སྔོན། ཡུན་ནན། སི་ཁྲོན། ནང་སོག། ཀན་སུའུ། ཤིན་ཅང་། པེ་ཅིན་བཅས་ནས་གདན་དྲངས་ཏེ་ ཆེས་སྐད་གྲགས་ལྡན་པའི་ཆེད་ལས་མཁས་པ་དང་དགེ་རྒན་ཆེན་མོ། གླུ་བ་བཅས་ཀྱིས་ དཔྱད་འདེམས་པའི་ཚོགས་པ་ཞིག་འགྲུབ་པར་བྱས་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་ཁྲོད་དུ་རྒྱལ་ཡོངས་གྲངས་ཉུང་མི་ རིགས་ས་ཁུལ་གྱི་དམངས་གླུ་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་གླུ་གཞས་གསར་དུ་ བསྒྲིགས་ནས་ས་གནས་ཀྱི་ཁྱད་ཆོས་བཏད་པའི་དམངས་གླུ་ཁོ་ན་ལེན་དགོས་ཤིང་། གྲངས་ ཉུང་མི་རིགས་ཀྱི་དམངས་གླུའི་བྲོ་བ་འབུར་དུ་འདོན་ཆེད་གླུ་དབྱངས་རྣམས་གྲངས་ཉུང་ མི་རིགས་ཀྱི་སྐད་བརྡ་སྤྱད་ནས་ལེན་དགོས་ཀྱི་ཡོད་ལ། དམངས་གླུ་འགྲན་སྡུར་ གྱི་བྱ་འགུལ་དེ་དྲིལ་སྒྲོག་དུས་རིམ་དང་མིང་ཐོ་འགོད་པའི་དུས་རིམ། འགྲན་སྡུར་དུས་རིམ། བྱ་དགའ་སྤྲོད་པའི་དུས་རིམ་བཅས་དུས་རིམ་བཞི་ལ་བཀར་ཡོད་པ་དང་། ཐེངས་འདིའི་བྱ་ འགུལ་ལ་རྒྱལ་ཡོངས་ནས་མིང་ཐོ་འགོད་ས་བརྒྱད་གཏན་འཁེལ་བྱས་ཡོད་དེ། པེ་ཅིན་དང་ བོད་ལྗོངས། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ། ཤིན་ཅང་། ནང་སོག་བཅས་སུ་ བཀོད་སྒྲིག་བྱས་ཡོད།

2015ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དམངས་གླུ་འགྲན་སྡུར་ཐོག་མ་ཀན་ལྷོའི་འགྲན་ཚོགས་ཆེན་མོའི་བྱ་དགའི་རྣམ་གྲངས་ལ། གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ དང་དགའ་རྟགས་སྒོར་མོ། གཟེངས་བསྟོད་དཔང་ཡིག་བཅས་ཡོད་ལ། དེ་ལས་གསེར་གྱི་ རྟགས་མ་དྲུག་དང་རེ་རེར་དགའ་རྟགས་སྒོར་མོ་ཁྲི་གཅིག་རེ་ཡོད་པ་དང་། དངུལ་གྱི་ རྟགས་མ་བཅུ་གཉིས་ཡོད་ལ། རེ་རེར་དགའ་རྟགས་སྒོར་མོ་སྟོང་ལྔ་རེ་ཡོད་པ། ཟངས་ཀྱི་ རྟགས་མ་བཅོ་བརྒྱད་དང་རེ་རེར་དགའ་རྟགས་སྒོར་མོ་སྟོང་གཉིས་རེ་བཅས་ཡོད། ད་དུང་ ཆེས་ལེགས་པའི་རྒྱུན་འཛིན་པའི་བྱ་དགའ་དང་། ཆེས་ལེགས་པའི་གླུ་བའི་བྱ་དགའ། མང་ཚོགས་ཀྱིས་ཆེས་དགའ་བསུ་ཐོབ་པའི་གླུ་བའི་བྱ་དགའ། ཕུལ་བྱུང་བྱ་དགའ་བཅས་བྱ་ དགའི་རྣམ་གྲངས100བཀོད་སྒྲིག་བྱས་ཡོད་པར་མ་ཟད། བྱ་དགའ་ཐོབ་པའི་དམངས་ གླུའམ་གསར་བསྒྲིགས་དམངས་གླུ100དེ་འོད་སྡེར་དུ་ཕབ་ནས་དྲན་རྟེན་དུ་ཉར་ཚགས་ བྱེད་རྩིས་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།