ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་མིན་ཡོན་རྫོང་ནས་མདོ་ལ་རྫོང་ལ་འགྲོ་བའི་ལམ་བར་དུ། ཡུལ་སྐོར་རླངས་འཁོར་ཞིག་ཁ་ལོ་འཁོར་བའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་བ་དང་། དོན་རྐྱེན་དེའི་ཁྲོད་མི་གཅིག་ཚེ་ལས་འདས་པ་དང་མི་མང་བོར་རྨས་ཕོག

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། དོན་རྐྱེན་བྱུང་བའི་རླངས་འཁོར་དེ་ནི་ཀན་སུའུ་ཞིང་ཆེན་གྱི་ཡིན་པ་དང་མི་ང་བདུན་ཆུད་པའི་རླངས་འཁོར་ཆེན་པོ་ཞིག་ཡིན། རླངས་འཁོར་དོན་རྐྱེན་བྱུང་སའི་ས་གནས་ནི་མིན་ཡོན་རྫོང་ནས་མདོ་ལ་རྫོང་གི་ལམ་བར་དུ་བྱུང་བ་ཡིན་ལ། རླངས་འཁོར་ཁ་ལོ་འཁོར་སའི་ས་གནས་ནས་མིན་ཡོན་རྫོང་ལ་ཐག་ཅུང་ཉེ་བས། དོན་རྐྱེན་བྱུང་རྗེས། རྨས་མ་རྣམས་མྱུར་དུ་ས་གནས་དེ་གཉིས་ཀའི་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་སྨན་བཅོས་བྱས་པ་དང་། གསར་འགོད་པས་མིན་ཡོན་རྫོང་གི་སྨན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། དོན་རྐྱེན་བྱུང་བའི་རྗེས་སུ་རྨས་མ་གསུམ་དངོས་སུ་ས་དེ་གའི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས། གཞན་ད་དུང་མཚོ་བྱང་ཁུལ་གྱི་མི་དམངས་སྨན་ཁང་གཉིས་པའི་འགན་འཁུར་མི་སྣས་བདེན་དཔང་བྱས་དོན། མིག་སྔར་སྨན་ཁང་དེར་བསྡོམས་པས་རྨས་མ་བཅུ་གསུམ་ལ་སྨན་བཅོས་བྱེད་ཀྱིན་ཡོད་པ་དང་དེའི་ནང་སྐྱེས་པ་བདུན་དང་སྐྱེས་མ་དྲུག་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རྨས་མ་མང་ཆེ་ཤོས་ཀན་སུའུ་ཞིང་ཆེན་གྱི་གནས་སྐོར་བ་ཡིན་མོད་། འོན་ཀྱང་རླངས་འཁོར་དེའི་ནང་དུ་དོན་དངོས་སུ་མི་ག་ཚོད་ཡོད་པ་ད་དུང་གསལ་བོར་མི་ཤེས། དེ་དང་མཉམ་དུ། ས་དེའི་སྲིད་གཞུང་གིས་གང་མགྱོགས་སྒོས་དོན་རྐྱེན་བྱུང་བའི་རླངས་འཁོར་དང་རྨས་མ་རྣམས་ལ་རོགས་སྐྱོར་དང་མྱུར་སྐྱོབ་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་ཚད་ཀྱིས་དོན་རྐྱེན་བྱུང་སར་རྟོག་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།