ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན་གྱི་སྔ་དྲོར། མདོག་དགུའི་ཀན་ལྷོ་ཤམྦྷ་ལ་ གེ་སར་རྟ་རྒྱུཊ་འགྲན་ཚོགས་སྐབས་དགུ་བ་དངོས་སུ་རྨ་ཆུའི་རྩྭ་ཐང་ནས་སྤེལ་མགོ་བརྩམས།

རྒྱུས་ལོན་པ་ལྟར་ན། རྨ་ཆུའི་གེ་སར་རྟ་རྒྱུགས་འགྲན་ཚོགས་སྐབས་དགུ་བའི་སྟེང་དུ་ འཁྲིད་ནས་ཐོན་པའི་གཤིབ་རྟ་བསྡོམས་པས་དྲུག་བརྒྱ་དང་ལྔ་བཅུ་ང་དྲུག་དང་། འགྲན་ ཞུགས་རུ་ཁག་སུམ་ཅུ་སོ་དགུ་ཡོད། དེ་དག་ནི་ནང་སོག་དང་ཤིན་ཅང་། མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་ལྔ་ཡི་རྫོང་ཁག་ཉེར་བརྒྱད་ནས་ཐོན་པ་རེད། 2004ལོ་ནས་ ད་ལྟའི་བར་དུ་རྨ་ཆུ་རྫོང་གིས་གེ་སར་རྟ་རྒྱུགས་འགྲན་ཚོགས་སྐབས་ཐེངས་བརྒྱད་བདེ་བླག་གིས་སྤེལ་མྱོང་ཡོད་ལ། སྔ་རྗེས་སུ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་མཐའ་མཚམས་ ས་ཁུལ་གྱི་རྫོང་ངམ་གྲོང་ཁྱེར25ནས་ཐོན་པའི་རྟ་རྒྱུཊ་འགྲན་ཞུགས་པ་སྟོང་ཕྲག་ལྷག་ཡོད།

ད་ལོའི་གེ་སར་རྟ་རྒྱུགས་སྐབས་དགུ་བ་འདིར་འབུར་དུ་ཐོན་པའི་ཁྱད་ཆོས་དྲུག་ཙམ་ཡོད་དེ། གཅིག་ནས་འགྲན་སྡུར་དུ་ཞུགས་པའི་གཤིབ་རྟ་སྐབས་ཐེངས་སྔོན་མ་དག་ ལས་ཆེས་མང་པ་དང་། གཉིས་ནས་རྒྱུགས་ཐག་རྨིད་སྟོང་དྲུག་ཅན་གྱི་འགྲན་སྡུར་རྣམ་གྲངས་ཤིག་གསར་དུ་བསྣན་ཡོད་པ། གསུམ་ནས་རྒྱུགས་ཐག་རྨིད་སྟོང་གཉིས་ཅན་དེ་ཆེད་ལས་རྟ་གཤིབ་ཀྱི་ རྣམ་གྲངས་སུ་བསྒྱུར་བ། བཞི་ནས་རྟ་རྒྱུགས་ཀྱི་ བྱ་དགའི་དངུལ་འབོར་དེ་ལོ་སྔ་མ་ལས་སྒོར་འབུམ་གཉིས་ཀྱིས་ཇེ་མང་དུ་བཏང་བ། ལྔ་ནས་ས་ཆ་གཞན་པ་ནས་ཡོང་བའི་གཤིབ་རྟ་ན་ནིང་ལས་ལྡབ་གཅིག་གིས་མང་བ། དྲུག་ ནས་སི་ཁྲོན་ཁྱུང་མཆུ་ནས་སྐྱ་རྩལ་རུ་ཁག་ཅིག་གདན་དྲངས་ནས་སྐྱ་རྩལ་འཁྲབ་སྟོན་བྱེད་དུ་བཅུག་པ་བཅས་རེད།

རྨ་ཆུའི་རྟ་རྒྱུགས་འགྲན་ཚོགས་འདི།ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཀན་སུའུ་དར་གོས་ཚོང་ལམ་གྱི་བདེ་ཐང་ལུས་སྦྱོང་གི་ལུས་རྩལ་འགྲན་སྡུར་གྲགས་ཆེན་ལྔའི་གྲས་སུ་བདམས་ཡོད་པ་དང་། རྨ་ཆུ་རྫོང་ལ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་གོའི་ སྐྱ་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོའི་རྟ་རྒྱུགས་ཀྱི་ཕ་ས་ཞེས་པའི་མིང་བསྩལ་ཡོད་པ། རྨ་ ཆུའི་རྟ་རྒྱུགས་ཀྱི་གཞི་ཁྱོན་དང་ཤུགས་རྐྱེན་ལོ་རེ་བཞིན་དུ་ཇེ་ཆེར་སོང་སྟེ། ད་སྐབས་ཀྲུང་ གོའི་ནུབ་རྒྱུད་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བའི་ལུས་རྩལ་འགྲན་ཚོགས་ཤིག་ཏུ་གྱུར་ཡོད་པ་དང་། རྨ་ཆུའི་གེ་སར་རྟ་རྒྱུགས་འགྲན་ཚོགས་ལོ་རེ་བཞིན་དུ་སྤེལ་བ་འདིས་མི་རིགས་རིག་ གནས་སྔར་བས་དར་སྤེལ་དང་། རྨ་ཆུ་རྫོང་གི་མཚན་སྙན་དང་ཕྱི་ཕྱོགས་སུ་གྲགས་ཚད་ སྔར་བས་ཇེ་མཐོར་བཏང་བ་མ་ཟད། རྨ་ཆུའི་དཔལ་འབྱོར་སྤྱི་ཚོགས་དང་མི་རིགས་ལུས་ རྩལ། རིག་གནས་ཡུལ་སྐོར་སོགས་ཀྱི་ལས་དོན་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་འགྲོ་བར་ སྐུལ་འདེད་ཀྱི་ནུས་པ་ཐོན་གྱིན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།