ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་ལྷ་རིས་སྒྱུ་རྩལ་བ་ཝང་བླ་ཀོའི་གནས་ཚུལ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གཙང་བ་དཀོན་བྷེ།   སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180110164409.jpg

ཀྱག་ཀྱོག་གི་མི་ཚེ། དཀའ་སྡུག་གི་འཚོ་བ། བརྩོན་འགྲུས་ཀྱི་རྔུལ་ཆུ། ལྗིད་ཏིག་ཏིག་གི་འབྲས་བུ།

འདི་ནི་ནམ་ཡང་དམན་ས་ཁོ་ན་བསྐྱོར་ཏེ་ལང་ཚོ་བོད་ཀྱི་རིག་གནས་སྒྱུ་རྩལ་ལ་བསྟིམས་པའི་སྟག་ཤར་ཞིག་གི་མི་ཚེའི་བགྲོད་ལམ་དང་རང་གི་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་སུ་བཀོད་པའི་ལོ་ཟླའི་ཆར་ཆུ་ཡིས་བསུབ་མི་ཐུབ་པའི་རྟག་བརྟན་ཐེར་ཟུག་གི་རྣམ་དཀར་མཛད་རྗེས་ཡིན།

ང་ཚོས་ཝང་བླ་ཀོའི་མཛད་རྗེས་རེ་རེ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ཞིབ་ཏུ་བཀླགས་དུས། ཆེན་པོ་ཁ་ལ་འཁྱེར་ཏེ་ལག་གིས་ཅི་ཡང་མི་འཁྱོངས་པའི་མི་དག་དང་། ཡང་ན་སྦྱོར་བ་ཅི་ཞིག་བརྩམས་ཀྱང་རང་དོན་ཡིད་བྱེད་ཁོ་ནས་སྦགས་པའི་མི་རྣམས་དང་མི་འདྲ་བར་མིག་གིས་རྒྱང་རིང་གཟིགས་ནས་ཡིད་ཀྱི་ཁོབ་རྒྱ་བསྐྱེད་དེ་རང་དོན་ཁོ་ནར་མི་འབད་པར་སྤྱི་དོན་ལ་ཡང་སེམས་པ་ཕྱོགས་པའི་མི་དག་ལ། ཚིགས་སུ་འཆད་པ་དང་བཀུར་བསྟི། རྗེས་སུ་ཡིད་རངས་བྱ་ཆོག་སྙམ་མོ།

འདིར་བརྗོད་པར་འདོད་པའི་བོད་ཀྱི་ལྷ་རིས་སྒྱུ་རྩལ་བ་ཝང་བླ་ཀོ་ལགས་ནི་མཚན་སྙན་གྱི་གྲགས་པ་སྐམ་པོར་སེམས་པ་མི་གཡོ་ལ། རྙེད་འདོད་ཀྱི་སྲེད་པ་ངར་མས་ཐུགས་རྒྱུད་མི་སྲེག་པར་ནམ་ཡང་ལྷ་རིས་སྒྱུ་རྩལ་བའི་ཀུན་སྤྱོད་ནང་ལྟར་བསྒྲུབས་པའི་ལྷ་རིས་སྒྱུ་རྩལ་པ་མཚན་ཉིད་ལྡན་པ་ཞིག་སྟེ། ཁོང་ནི་སྤྱི་ལོ1960ལོར། ཕྱོགས་བཞི་གངས་དཀར་རི་བོས་ཟླུམ་པོར་བསྐོར་ཞིང་མཁའ་དབུགས་དྭངས་པ། རང་བྱུང་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་རྫོགས་ཤིང་རྩི་ལྗོན་མེ་ཏོག་མང་ས། ལྟོས་བཅོས་ཀྱིས་བཤད་ན་འབག་བཙོག་གིས་བསླད་པ་ཉུང་ཞིང་རྩ་ཆེའི་རི་དྭགས་སྣ་ཚོགས་བག་ཕེབས་ཀྱིས་འཚོ་ས། གཟུར་གནས་ཡུལ་སྐོར་བ་མང་བོས་མ་བགྲོས་གཅིག་མཐུན་གྱིས་འཛམ་བུ་གླིང་གི་ཆེས་མཐའ་མཇུག་གི་དག་ཞིང་ཞེས་འབོད་པའི་རི་ཁ་བ་ཅན་གྱི་ནང་ཚན་མདོ་སྨད་ཅེས་འབོད་པའི་ཡུལ་བྱེ་བྲག་པ་ཁ་གྱ་ཚོ་དྲུག་ཅེས་གྲགས་ཤིང་སའི་དགེ་བཅུ་ཡོངས་སུ་རྫོགས་པའི་ཁ་གྱ་སྟོད་རུ་རྒྱལ་རུ་ཆེན་ཡུག་ཤུལ་ཁུག་སྡེ་བ་ནས་ལས་མ་བྱས་པ་དང་མི་འཕྲད་པ་དང་། བྱས་པ་ཆུད་མི་ཟ་བ་ཡིན་ཞེས་གསུངས་པ་ལྟར་སྔོན་གྱི་ལས་སྨོན་དྲག་པོས་མཚམས་སྦྱར་ཏེ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ཞིག་ཐོབ་སོང་།

དེ་ནས་ཕ་མ་བཀའ་དྲིན་ཅན་རྣམ་གཉིས་ཀྱིས་གཉོར་སྐྱོང་ལ་བརྟེན་ནས་འཚར་ལོངས་བྱུང་ཞིང་། སློབ་གྲྭར་ཞུགས་པའི་ལོ་ཚད་ལོན་པ་ན་རང་སྡེ་བའི་སློབ་གྲྭར་ཞུགས། སྐབས་དེའི་སློབ་གྲྭའི་དགེ་རྒན་ནི་དེང་གི་སློབ་གསོ་བ་ཆེན་མོའམ་དགེ་རྒན་ཆེན་མོ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཀླུ་ཚང་རྡོ་རྗེ་རིན་ཆེན་ནམ་ཡོངས་གྲགས་སུ་རྡོར་ཕྲུག་ཅེས་འབོད་པ་དེ་ག་ཡིན་ལ། ཁོང་སྐབས་དེར་ལོ་ན་གཞོན་ནའང་སློབ་མ་རྣམས་རང་གི་བུ་ཕྲུག་ནང་ལྟར་བསྐྱངས་ནས་སློབ་མ་རྣམས་ཀྱིས་ཀྱང་རང་གི་ལོ་ཚོད་དང་མཉམ་པའི་ཤེས་བྱ་མི་ཉུང་བ་ཞིག་ཤེས་ཤིང་། འདི་ལྟར་ཝང་བླ་ཀོས་ལོ་ངོ་མཐོང་གསུམ་ཉིན་གཅིག་ལྟར་རོལ་ནས་རང་གི་སྦྱངས་བྱའི་བསླབ་ཚན་ཁག་ལ་རྡོ་རུས་ཐུག་བར་སྦྱངས་ཏེ་སྦྱངས་འབྲས་ཀྱང་མི་དམན་པ་བླངས་མོད། འོན་ཀྱང་སྐབས་དེར་མ་དྲིན་མོ་ཆེ་ལགས་ལ་འབྱུང་བཞིའི་འདུ་བ་འཁྲུགས་པས་རིམ་གྲོ་དང་སྨན་བཅོས་གང་གིས་ཀྱང་མ་ཕན་པར་ཕ་གཙོས་ཁོང་མིང་སྲིང་ཚོ་དང་གཏན་དུ་གྱེས་སོང་།

微信图片_20180110164417.jpg

དེ་ནས་བཟུང་། ཝང་བླ་ཀོས་མུ་མཐུད་དུ་སློབ་གྲྭར་ཞུགས་ཏེ་ཤེས་བྱའི་རྒྱ་མཚོར་རོལ་བའི་འདུན་པ་ཅི་འདྲའི་ཆེ་ཡང་། ཨ་ཕར་ལས་གཡོག་མེད་པས་སློབ་བྱོལ་མི་གནང་ག་མེད་བྱུང་སྟེ་སློབ་གྲྭར་སྐྱོད་མཚམས་འཇོག་དགོས་བྱུང་། འདི་ལྟར་ཉིན་ཞག་མཐུད་དེ་ཟླ་ཁར་ལོ་དང་ལོ་ཁར་ལོ་ཡིས་བསྐྱལ་ཏེ་ལོ་ངོ་གསུམ་ཙམ་ལ་ཨ་ཕར་ལས་གཡོགས་བྱས་ཏེ་ཉིན་མོར་ལུག་རྫི་དང་མཚན་མོར་རང་གིས་སྔར་སྦྱངས་པའི་ཤེས་བྱ་ཁག་རྣམ་གཡེང་གིས་བརྗེད་ངེས་རྐུན་པོའི་དབང་དུ་མ་བཏང་བར་གཤར་སྦྱངས་དང་དྲན་ཤེས་བསྟེན་ཞིང་། ཕ་དམ་པས་ཀྱང་ཁོ་བོ་སློབ་སྦྱོང་ལ་དགའ་ཞིང་དད་འདུན་ཆེ་བའི་ཚུལ་དེར་ཡིད་འགུལ་ཐེབས་ཏེ་སླར་ཡང་སློབ་གྲྭར་མངགས། དེ་ནས་ཝང་བླ་ཀོའི་བསམ་ཐོག་ལ་རྟ་དང་འདོད་ཐོག་ལ་ཆར་བབས་ཏེ་སླར་ཡང་ཡི་གེ་སྦྱངས་འདོད་ཀྱི་མྱུ་གུ་གསར་དུ་འབུས་པས་བརྩོན་པའི་རྒྱུན་བསྐྱངས་ཏེ་སློབ་ཆུང་མཐར་ཕྱིན་རག་བར་དུ་འཛིན་གྲྭའི་ནང་གི་སྦྱངས་འབྲས་རྩེ་གྲས་ཏག་ཏག་བླངས་ནས་སློབ་མཐར་ཕྱིན་ཞིང་།1974ལོར་སྦྱངས་འབྲས་གཡུར་དུ་ཟ་བ་བླངས་ཏེ་ཁ་གྱ་སྟོད་ཤང་སློབ་འབྲིང་དུ་རྒྱུགས་འཕྲོད་ཅིང་། སྐབས་དེར་སློབ་གྲྭའི་ནང་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་བཀའ་དྲིན་ཅན་དབྱང་ཧྥིན་ཚེ་བཞུགས་ཤིང་། ཁོང་གིས་དགེ་རྒན་དམ་པར་བསམ་དང་སྦྱོར་བའི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་ནངས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་རང་གི་སྦྱངས་བྱའི་བསླབ་ཚན་ཁག་ལ་རིས་མེད་དུ་འབད་པ་ལྷུར་ལེན་གནང་སྟེ། 1978ལོར། ལྗིད་ཏིག་ཏིག་གི་གཡུར་ཟའི་འབྲས་བཟང་དང་བཅས་སློབ་མཐར་ཕྱིན། དེ་ནས་བཟུང་། མུ་མཐུད་དུ་སློབ་གྲྭར་ཞུགས་ཏེ་མི་ཚེ་ཐོས་བསམ་གྱིས་བསྐྱལ་རྒྱུའི་འདུན་པ་ཆེ་ནའང་། ཁྱིམ་ཚང་གི་དཀའ་ཁག་སོགས་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱི་དབང་གིས་མུ་མཐུད་དུ་སློབ་གྲྭར་ཞུགས་པའི་སྐལ་བཟང་ཤོར་། འདི་ལྟར་མི་ཚེ་ཤེས་བྱར་འཇུག་རྒྱུའི་གོ་སྐབས་ཤོར་བས་ཡིད་ཁོང་དུ་ཆུད་ནས་སྡོད་སྐབས། ཕ་བཀའ་དྲིན་ཅན་གྱིས་ཤེས་བྱར་མ་སྦྱངས་ནའང་རང་ཁ་གསོ་ཐབས་མང་བས། ད་ནས་ཁོ་བོས་ཁྱོད་ལ་རི་མོ་འབྲི་ཚུལ་ཁྲིད་ཆོག་ཟེར་ནས་དེ་ནས་བཟུང་ཆུ་ཚོན་རི་མོ་དང་སྣུམ་ཚོན་རི་མོ་སྦྱངས་ཏེ་ཕ་ཡིས་ཅི་ཤེས་བུ་ཡིས་དེ་བཞིན་དུ་ཤེས་པས་ཕ་ཡང་ཐུགས་དགྱེས་ཏེ་བུ་ལ་བསྟོད་པའི་མེ་ཏོག་གཏོར་ཞིང་། ཝང་བླ་ཀོས་ཀྱང་ཕའི་བསྟོད་པ་ཙམ་གྱིས་ཡིད་ཚིམ་སྟེ་ངའོ་མི་སྙམ་པར་མུ་མཐུད་དུ་རི་མོ་སྦྱངས་རྒྱུའི་བརྩོན་སེམས་ཀྱི་སྒོ་འཕར་སྔར་ལས་ཡངས་པར་ཕྱེ་སྟེ། སློབ་དཔོན་མཚན་ཉིད་ལྡན་པ་ཞིག་བསྟེན་ཏེ་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་ཕྱོགས་ལ་རང་རྐྱ་ཐུབ་པ་ཞིག་སྦྱངས་དགོས་པར་འདོད་དེ་ཕྱོགས་ཡས་མས་ལ་ལྷ་བཟོ་དགེ་རྒན་ཞིག་བཙལ་བ་ན། དེ་ཡང་གངས་ཅན་བཅུ་ཕྲག་རིག་པའི་ནང་མཛོད་ཆེན་མོ། སྐལ་ལྡན་རྗེས་སུ་འཛིན་པ་བཟོ་རིག་པ་ལས་གཟུགས་སྐུའི་ཆེ་བ་ཕྱག་སོར་གྱི་རྩལ་ལས་མངོན་པར་མཚོན་ནུས་པ་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་དུ་ལྷ་རིས་སྒྱུ་རྩལ་ལ་ནང་བྱན་ཆུད་པའི་མཁས་མཆོག་ལྷ་མོའི་ཀིརྟི་དགོན་གྱི་ཁོང་ཨ་ཁུ་སངས་རྒྱས་ལགས་ཀྱི་མཚན་སྙན་ཐོས་ཏེ་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་སེམས་གཏིང་ནས་དགའ་སྟེ་ཚམ་ཚོམ་མེད་པར་སློབ་དཔོན་བསྟེན་རྒྱུའི་འདུན་པ་འགོག་མེད་དུ་སྐྱེས།1988ལོར་ཁོང་ཨ་ཁུ་སངས་རྒྱས་ཀྱི་རྩར་སོང་སྟེ་ལྷ་རིས་སྒྱུ་རྩལ་གྱི་སྐོར་ལ་བསླབ་རྒྱུའི་བསམ་འདུན་བརྗོད་པ་ན་ཨ་ཁུས་ཀྱང་དགྱེས་བཞིན་ཞལ་གྱིས་བཞེས། དེ་ནས་བཟུང་། ཝང་བླ་ཀོས་བླ་མས་ཅི་གསུངས་ཆོས་དང་། མཛུབ་མོས་གར་བསྟན་ཤར་བཞིན་དུ་དགེ་རྒན་བཀའ་དྲིན་ཅན་གྱི་བཀའ་བཞིན་དང་དུ་བླངས་ཏེ་ལོ་ངོ་བཅུ་ལ་གཙག་དྲུབ་འབུར་བརྐོས་དང་། མར་ཚོན་མཛེས་བཟོ། སྐུ་གཟུགས་ཀྱི་ཐིག་རྩ་དང་བཟོ་རིག་བྲིས་རྒྱུན་རི་མོའི་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་གྱིས་བསླབས། དེ་ནས་ཝང་བླ་ཀོས་དཀའ་སྤྱད་འབད་བརྩོན་དང་བཟོ་རིག་སྒྱུ་རྩལ་ལ་མངའ་བའི་ལྷན་སྐྱེས་ཤེས་རབ་ལ་བརྟེན་ནས་སྐུའི་མཛེས་ཉམས་དོད་ཅིང་། བབས་ཆགས་པ་དང་། ཆ་ཚད་ཚང་ཞིང་། གཟི་བརྗིད་མངའ་བས་མཚན་སྙན་ཡང་རིམ་གྱིས་རྒྱས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དང་ལྷ་མོའི་ཀིརྟི་དགོན། རོང་བོ་དགོན་ཆེན་དང་གཙོས་དགོན་པ། ཁ་གྱ་སྟོད་དགོན་པ་སོགས་དགོན་པ་ཆེ་ཆུང་བཞི་བཅུ་ལྷག་ཏུ་སོང་སྟེ་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་བརྙན་དང་། ཇོའི་སྐུ། རྡོ་རྗེ་སེམས་དཔའི་སྐུ། སློབ་དཔོན་གྱི་སྐུ། བླ་སྐུ། མཆོད་པའི་ལྷ་མོ། ཞི་ཁྲོ་བརྒྱ་རྩ། རྒྱལ་སྲིད་སྣ་བདུན། མཐུན་པ་སྤུན་བཞི་སོགས་མདོར་ན་ལྷའི་སྐོར་དང་མཆོད་རྟེན་ཆ་བརྒྱད་ཀྱིས་གཙོས་པའི་སྐུ་གདུང་མཆོད་རྟེན་གྱི་སྐོར། མི་འཇིགས་སེངྒེས་བཏེགས་པའི་བཞུགས་ཁྲིའི་སྐོར་སོགས་ཉར་ཚགས་ཀྱི་རིན་ཐང་མཐོ་བའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཤུལ་ནོར་གྱི་གཏེར་དུ་སྤུངས། ཇི་སྐད་དུ། དམ་པའི་ཡོན་ཏན་སྦས་གྱུར་ཀྱང་།། འཇིག་རྟེན་ཀུན་ལ་ཁྱབ་པར་གསལ།། སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་།། དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར།། ཞེས་གསུངས་པ་ནང་བཞིན། ཝང་བླ་ཀོའི་མཚན་སྙན་གྱི་གྲགས་པ་གཅིག་ཁར་གཅིག་གིས་བསྒྲགས་ཏེ་དགེ་རྒན་བསྟེན་འདོད་ཀྱི་བོད་རྒྱའི་སློབ་མ་སུམ་བཅུ་ལྷག་བྱུང་ཞིང་། ཝང་བླ་ཀོས་ཀྱང་རང་གི་ཆུང་ཤེས་ཆེ་ཤེས་ཐམས་ཅད་དགེ་རྒན་ལྷག་བསམ་ཅན་ལ་བསྟེན་ནས་ཤེས་པ་ཡིན་པས་ད་ནི་རང་གིས་ཅི་ཤེས་དཔེ་འཁྱུད་མི་བྱེད་པར་དགེ་རྒན་གྱིས་ཁྲིད་པའི་སྐུ་གཟུགས་ཀྱི་ཐིག་རྩ་དང་བཟོ་རིག་བྲིས་རྒྱུན་རི་མོའི་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་བསྩལ་ཏེ་ཀུན་སྤྱོད་གཙང་ལ་གཤིས་རྒྱུད་འཇམ་པ་དང་རྒན་ལ་བཀུར་ཞིང་གཞོན་ལ་བྱམས་པ། སྙིང་སྟོབས་ཆེ་ལ་བརྩོན་འགྲུས་ལྡན་པ། རིགས་ལ་དུངས་ཤིང་ལྷག་བསམ་ཅན་གྱི་སློབ་བུ་མང་པོ་བསྐྱངས།

 ལོ་བརྒྱའི་འཆར་གཞི་ལ་ནི།། སློབ་གསོ་གཞི་རྩ་འཛིན་དགོས།། ཞེས་གདམས་པ་བཞིན། ཝང་བླ་ཀོའི་སེམས་སུ་མི་རིགས་དར་མིན་དང་རྒྱལ་ཁབ་དར་མིན་དེ་གཙོ་བོ་སློབ་གསོ་ལ་རག་ལས་པར་དགོངས་ཏེ་ཀན་ལྷོའི་སློབ་གསོའི་ཐེབས་རྩ་ཚོགས་པར་ད་བར་དུ་མ་དངུལ་ཞལ་འདེབས་གནང་ཞིང་སྒོས་སུ་རྡོ་དཀར་ཟམ་ཆེན་ནས་གཙོས་བོད་རིགས་སློབ་འབྲིང་བར་གྱི་གཞུང་ལམ་ཞིག་གསོ་དང་དེ་མིན་གཙོས་བོད་རིགས་སློབ་འབྲིང་དང་རྡོ་དཀར་སློབ་ཆུང་། གཙོས་སློབ་ཆུང་གཉིས་པ། ཁ་གྱ་སྟོད་སློབ་ཆུང་། མཛོད་དགེ་རུ་སྟོད་མའི་སློབ་ཆུང་། མར་ཐང་དཔལ་ལྡན་རྒྱ་མཚོའི་དྭ་ཕྲུག་སློབ་གྲྭ་སོགས་རང་ཁུལ་གྱི་སློབ་གྲྭ་ཉི་ཤུ་ཡས་མས་ཤིག་ལ་ཞལ་འདེབས་གནང་ཞིང་། ལྷག་པར་དུ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ནའང་སློབ་ཡོན་མེད་པས་སློབ་ཆེན་ཞུགས་མི་ཐུབ་པའི་སློབ་མ་སྐོར་ཞིག་ལ་མ་བསྐུལ་དང་བླངས་སྒོས་སློབ་ཡོན་སྤྲད་དེ་རོགས་རམ་ཤུགས་ཆེན་གནང་།

གང་ན་དཀའ་ངལ་མཆིས་ན། དེ་རུ་ཝང་བླ་ཀོའི་ལྷག་བསམ་དང་རོགས་དངུལ་འབྱོར་ཞིང་། གང་ན་ཉེན་ཁར་འཕྲད་ཡོད་ན། དེ་རུ་ཝང་བླ་ཀོའི་བརྩེ་སེམས་དང་སེམས་དཀར་ཁ་བརྡ་མཆིས་པས། 2008ལོའི་སི་ཁྲོན་ཝུན་ཁྲོན་ས་ཡོམ་ཆེན་པོ་དང་མཚོ་སྔོན་ཡུལ་ཤུལ་ས་ཡོམ། འབྲུག་ཆུའི་འདམ་རྡོ་ཆུ་ལོག་གནོད་འཚེ། དེ་མིན2014ལོའི་ཐེ་བོ་རྫོང་ཤིས་མདོ་སྡེ་བ་དང་གཙོས་རྒྱ་སྒོ་མཚོ་མོ་རྒྱལ་ཚང་གི་མེ་དགྲ། གཞན་རྡོ་དཀར་ཕྱོགས་ཀྱི་བྱིས་པ་ནད་པ་བཅས་ལ་སེར་སྣས་བཅངས་པ་མེད་པར་སྦྱིན་པའི་ཕྱག་ཟུང་ཡངས་པོར་ཕྱེ་ཞིང་། མདོར་ན་ཝང་བླ་ཀོས་མི་ལོ་ཉི་ཤུ་ཡས་མས་ཤིག་ལ་ཉམ་ཐག་ནད་པ་དང་རྒན་རྒོན་བདག་མེད། བྱིས་པ་དྭ་ཕྲུག་སོགས་མི་སྒེར་དང་ཡང་ན་ཚོགས་པ་བཅས་ལ་བསྡོམས་པས་མ་དངུལ་སྒོར་ཁྲི120ལྷག་བཏང་སྟེ་རང་ནུས་གང་ཡོད་ཀྱིས་སྤྱི་ཚོགས་ལ་བརྩེ་སེམས་ཕུལ་བས་ཚོགས་པ་དང་མི་སྒེར་བཅས་ཀྱིས་ཀྱང་ཝང་བླ་ཀོའི་གཞན་ཕན་གྱི་བརྩེ་བ་ཡིད་ལ་བཅངས་ཏེ་དྲིན་གཟོའི་ཕྱིར་དུ་འཕྲེད་དར་དང་ཁ་བཏགས་འཐེན་ཏེ་སྙིང་ནས་བཀའ་དྲིན་ཞུས། འདི་ལྟར་ཝང་བླ་ཀོས་ལྷ་བཞེངས་པ་དང་དགེ་ཕྲུག་བསྐྱངས་ཏེ་རང་ནུས་གང་རྒུས་སྤྱི་ཚོགས་ལ་ཕན་པ་བསྒྲུབས་ཞོར་དུ་བོད་ཀྱི་ལྷ་རིས་སྒྱུ་རྩལ་སྐོར་གྱི་རིག་གཞུང་མང་པོ་ཞིབ་ཏུ་བཀླགས་ཏེ་བོད་རྒྱ་དབྱིན་གསུམ་བཅས་ཀྱི་སྒོ་ནས་བྲིས་པའིབོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་རྒྱུན་འཛིན་དང་སྲུང་སྐྱོབ་མདོ་ཙམ་གླེང་བཞེས་པའི་དཔྱད་རྩོམ་ལ་ལས་རིགས་གཅིག་པའི་མཁས་པ་ཚོས་གདེང་འཇོག་གནང་ཞིང་། ལྷག་པར་དུ་འབྲེལ་ཡོད་ལས་ཁུངས་སོགས་ཀྱིས་ཀྱང་ཝང་བླ་ཀོའི་བྱས་རྗེས་ལ་གདེངས་འཇོག་གནང་སྟེ་གཟེངས་སྐྱེས་ཀྱང་གང་མང་ཕུལ་ཞིང་དེ་དག་ལས་ས་བཅད་མ་སྟོང་ཙམ་བཀོད་ན1993ལོའི་ཟླ8པར་ཀན་ལྷོ་ཁུལ་འཐབ་ཕྱོགས་གཅིག་གྱུར་ཕུའུ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིསགཟི་བརྗིད་བྱ་བཞག་ཀན་སུའུ་ལ་བསྐྱོད་པ་ཞེས་པའི་བྱ་དགའ་དང་ཀན་ལྷོ་ཁུལ་གྲོང་ཁྱེར་འཛུགས་སྐྲུན་ཅུས་ཀྱིས་མཐོ་སྒང་གི་རྣམ་ཤེས་ཞེས་པའི་རྡོ་བརྐོས་འབྲོང་རྒོད་ལ་བྱ་དགའ་གནང་ཞིང་། 2016ལོའི་ཟླ8པར་ཀན་སུའུ་ཞིང་ཆེན་རིག་དངོས་དང་ནོར་བུ་ཞིབ་འཇུག་ཚོགས་པས་ཕུལ་བྱུང་ལྷ་བཟོ་བའི་བྱ་དགའ་དང2010ལོའི་ཟླ6པར་ཀན་སུའུ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཐང་གའི་སྒྱུ་རྩལ་མཁན་པོ། སྔོན་ཐོན་བྱ་བྱེད་པ་ཞེས་པའི་བྱ་དགའ་གནང་སྟེ་ཝང་བླ་ཀོའི་བརྩམས་ཆོས་ལ་ཁས་ལེན་གང་ལེགས་ཐོབ། ཡིན་ནའང་། ཝང་བླ་ཀོ་བསྟོད་པས་མགུ་བར་མི་འགྱུར་ཞིང་།། སྨད་པས་མི་དགའ་མི་འགྱུར་བར།། ཞེས་པ་བཞིན་ད་དུང་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་བཟོ་རིག་སྐོར་གྱི་རྒྱུན་འཛིན་དང་དར་སྤེལ་བཅས་ལ་དམིགས་ཏེ་ཀན་ལྷོ་ཁུལ་གཏན་དར་ཚོང་ཟོག་ཉོ་ཚོང་གསར་སྤེལ་ཚད་ཡོད་ཀུང་སིའི་བོད་ཀྱི་རིག་གནས་བཟོ་རྩལ་ལས་སྣོན་བཟོ་གྲྭ་ཞེས་པ་གཉེར་ཏེ་སྐལ་ལྡན་རྗེས་འཛིན་གྱི་རིག་གནས་འདི་འཛམ་བུ་གླིང་གི་ཡུལ་གྲུ་ཀུན་ཏུ་སྤེལ་ཐུབ་པའི་དམིགས་ཡུལ་དང་ཡིད་ཆེས་ཀྱིས་ཁེངས་སོ། ངོ་མ། ང་ཚོས་ཝང་བླ་ཀོ་བརྒྱུད་པའི་མི་ཚེ་ལ་ཕྱིར་རྟོག་བྱས་ཏེ་སྡོམ་ཚིག་གཅིག་རྙེད་བྱུང་བ་ནི། བྱིས་དུས་ཀྱི་དཀའ་ངལ་གདོང་གིས་བསུས་ནས་བརྩོན་འགྲུས་ཀྱི་རྟ་ཕོར་ལྕག་གིས་སྐུལ་ཏེ་ལྗིད་ཏིག་ཏིག་གི་འབྲས་བུ་སྤྱི་ཚོགས་དང་མི་སྒེར་སོགས་ལ་ཕུལ་བའི་མི་ཡུལ་གྱིས་བསྟད་ན་ཆོག་ཅིང་། བསྟོད་ན་འོས་པའི་ལྷ་རིས་སྒྱུ་རྩལ་བ་ཞིག་དང་མགོན་མེད་ཟས་སྦྱིན་གཉིས་པ་ཞིག་གོ།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།