ཀྲུང་གོ་བོད་ཀྱི་དྲ་བ།

“སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོས”ཀན་ལྷོ་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་འབྲོག་པའི་འཚོ་བ་ཇེ་ལེགས་སུ་འགྲོ་བར་བྱས་ཡོད་པ་རེད།

སྔོ་ཞིང་དྭངས་བའི་ཀླུ་ཆུ་གྲོང་ཚོ་བསྐོར་ནས་རྒྱུགས་པ་དང་། ཆུ་རགས་རྒྱུད་དུ་ཆགས་པའི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཀྱི་གཞུང་ལམ་དེ་དཀར་གཙང་གི་མཇལ་དར་རིང་མོ་དང་གཉིས་སུ་མ་མཆིས། ཁུལ་འདི་ནི་ཀན་ལྷོ་ཁུལ་ཅོ་ནེ་རྫོང་མ་རུ་གྲོང་རྡལ་དཔའ་ཡུལ་གྲོང་ཚོ་ཡིན་པ་དང་། དེ་ནི་ཀན་ལྷོ་ཁུལ་འཛུགས་སྐྲུན་བྱེད་པའི་ནང་གི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་གྲོང་ཚོ་ཞིག་རེད།

གཟུངས་འདུས་ཚེ་རིང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་དཔའ་ཡུལ་གྲོང་ཚོའི་མི་ཡིན་པ་དང་། 2014ལོར་ཝུའུ་ཝུའེ་ལས་རིགས་ལག་རྩལ་སློབ་གླིང་ཐོན། སྐབས་དེ་དུས་ལས་ཞུགས་གོ་སྐབས་ཡག་པོ་ཡོད་མོད། འོན་ཀྱང་ཁོང་གིས་བསམ་བློ་ཡང་ཡང་བཏང་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་རྒྱུའི་སེམས་ཐག་བཅད། ན་ནིང་ནང་མི་དང་སྲིད་གཞུང་གི་རོགས་རམ་འོག་ཁོང་གིས་མ་དངུལ་སྒོར་ཁྲི60ལྷག་ཙམ་བཏང་ནས“བསམ་གྲུབ་བོད་ཟས”ཞིང་དུད་སྤྲོ་སྐྱིད་ཁང་བཙུགས་ཤིང་། ཁོང་གིས་ད་ལོ་ཡོང་འབབ་སྒོར་ཁྲི10ལྷག་ཙམ་འདུག་ཅེས་བརྗོད། མིག་སྔར་ཞིང་དུད་སྤྲོ་སྐྱིད་ཁང་ལ་ཞག་སྡོད་བྱེད་ས་མེད་པར་གཞིགས་ནས་ཁོང་གིས་ཕྱི་ལོ་གཞི་ཁྱོན་ཆེ་རུ་བཏང་ནས་དམངས་སྲོལ་འགྲུལ་ཁང་བསྐྲུན་རྒྱུའི་ཐག་བཅད་པ་རེད།

དཔའ་ཡུལ་གྲོང་ཚོའི་ཏང་ཀྲི་པུའི་འགན་ཁུར་བས“ང་ཚོའི་གྲོང་ཚོར་ཞིང་དུད་སྤྲོ་སྐྱིད་ཁང13ཡོད། ཁང་རེས་དུས་གཅིག་ཏུ་ཡུལ་སྐོར་བ30ལྷག་ཙམ་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད། ད་ལོ་ང་ཚོའི་གྲོང་ཚོས་ཅོ་ནེ་རྫོང་དཔའ་ཡུལ་གྲོང་ཚོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་གཞི་རྟེན་དུ་བྱས་ནས‘མཉམ་སྡེབ་+མཉམ་ལས་ཁང་+དུད་ཚང་དབུལ་པོ’བྱ་ཐབས་གཞིར་བཟུང་། གྲོང་ཚོའི་མཉམ་སྡེབ་ས་ཆ་མ་རྐང་འཇོག་པ་དང་ཆབས་ཅིག དུད་ཚང་དབུལ་པོ49ཡི་ཐོན་ལས་འདེགས་སྐྱོར་གྱི་མ་དངུལ་སྒོར་ཁྲི98ལེན་ཐུབ་པ་བྱེད་རྒྱུ་མ་ཟད། ད་དུང་གྲོང་ཚོ་ཡོངས་ཀྱི་ཞིང་དུད་གཞན་དག་མ་རྐང་ལ་ཞུགས་ནས་མ་དངུལ་ཁྱོན་སྒོར་ཁྲི300ལྷག་ཙམ་བཏང་སྟེ་ཁྱད་ལྡན་དམངས་སྲོལ་ཞག་སྡོད་མགྲོན་ཁང་བསྐྲུན་ཏེ་ཡུལ་སྐོར་བཟའ་བཏུང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་གི་ཡིན”ཞེས་བརྗོད།

མིག་སྔའི་བར། གྲོང་ཚོ་ཡོངས་ཀྱི་ཞིང་དུད་སྤྲོ་སྐྱིད་ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི9བྱུང་ཡོད་པ་དང་། དེ་ལས་དུད་ཚང་དབུལ་པོའི་མི8ལ་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.5ནས3བར་བྱུང་བར་སྐུལ་ཁྲིད་ཐུབ་ཡོད།

ཀན་ལྷོར་དཔའ་ཡུལ་གྲོང་ཚོ་འདྲ་བའི་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་ད་དུང་ཧ་ཅང་མང་པོ་ཡོད་ཅིང་། ཀན་ལྷོ་ཁུལ་ཨུད་དང་སྲིད་གཞུང་གིས་ཁུལ་གྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་ཀན་ལྷོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འཐབ་ས་གཙོ་བོ་གྲོང་གསེབ་ཏུ་ཡོད་པ་དང། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལྟེ་བའང་གྲོང་གསེབ་ཏུ་ཡོད་པར་ངོས་འཛིན་གཏིང་ཟབ་ཐུབ་ཡོད། གྲོང་གསེབ་གསར་པ་འཕེལ་རྒྱས་ཀྱི་བྱ་ཐབས་གསར་པ་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ནས་རང་བྱུང་གྲོང་ཚོ་ཚན་པར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་རང་བཞིན་ལྡན་པའི་ངང་བཏོན་ཡོད། མིག་སྔར། ཀན་ལྷོ་ཁུལ་གྱིས་རིམ་རྩིས་ལྟར་ན། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར90བཏང་ནས་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་གྲོང་ཚོ1003བསྐྲུན་ཟིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།