མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།    ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-23 10:42

11111.jpg

དྲག་ཆས་ཉེན་རྟོག་དམག་དཔུང་གིས་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པའི་ཚུལ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཟླ8པའི་ཚེས21ཉིན་གྱི་ཕྱི་དྲོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་བསྒྲགས་པ་ལྟར་ན། ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་གྱི་དུས་ཚོད་བཅུ་དགུ་དང་སྐར་མ་ལྔ་བཅུའི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་ལ་གློ་བུར་དུ་དྲག་ཆར་བབས་ཏེ་ཆུ་ལོག་བརྒྱུགས། ཚྭ་ཁ་གྲོང་རྡལ་ཝུའུ་ལན་ཧ་ཏ་སྡེ་བའི་དགོན་པའི་ལུང་བའི་ནང་གཞུང་ལམ་ལས་བཞིན་པའི་ལས་བཟོ་བ་བཞི་བཅུ་དང་གནས་དེ་རུ་བྱེ་མ་བཙག་བཞིན་པའི་ལས་བཟོ་བ་ཉེར་གཅིག་ལ་ཆུ་ལོག་གི་འཇིགས་ཉེན་ཐེབས་ནས་མི་སྣར་ཤི་རྨས་ཚབས་ཆེན་ཐེབས། ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་བཅུ་གསུམ་དང་སྐར་མ་ལྔའི་བར་ཆུ་ལོག་ཁྲོད་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག

    གནོད་འཚེ་བྱུང་རྗེས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པས་ཧ་ཅང་མཐོང་ཆེན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་དུས་ཐོག་ཏུ་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཉེན་སེལ་རྒུད་སྐྱོབ་བྱ་བ་བཀོད་སྒྲིག་བྱས། «མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་སྤྱིའི་འཕྲལ་བསྟུན་བྱེད་ཐབས»ཀྱི་གཏན་འཁེལ་ལྟར། ཞིང་ཆེན་སྲིད་གཞུང་གིས་འཕྲལ་དུ་རིམ་པ་གཉིས་པའི་འཕྲལ་སྒྲུབ་བྱ་བ་སྒྲུབ་མགོ་བརྩམས། ཧྲིན་ཀྲང་གཞོན་པ། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཞིན་གོ་པེན་དུས་ཐོག་ཏུ་གནོད་ཐེབས་ས་ཁུལ་དུ་སོང་ནས་ཆུ་ལོག་འགོག་པ་དང་ཉེན་ཁ་སེལ་བ། གནས་དེ་ནས་གར་སོང་མ་ཤེས་པའི་་མི་སྣ་འཚོལ་ཞིབ་བྱེད་པའི་བྱ་བར་མཛུབ་སྟོན་བྱས། མཚོ་ནུབ་ཁུལ་དང་ཝུའུ་ལན་རྫོང་གི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པ་གཙོ་བོའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ་ས་གནས་དེའི་དོ་དམ་གྱི་རྩ་དོན་ལྟར། མྱུར་དུ་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ་གནོད་འཚེའི་ཡུལ་དངོས་སུ་མྱུར་སྐྱོབ་བཀོད་འདོམས་པུའུ་བཙུགས་ནས་འཕྲལ་དུ་ཉེན་ཁ་སེལ་བ་དང་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། སྨན་བཅོས་འཕྲོད་བསྟེན་རུ་ཁག་སོགས་ཚན་ཆུང་བདུན་བཙུགས་ནས་འགན་ཁུར་གསལ་བོ་བྱས་ཏེ་མྱུར་དུ་བྱ་འགུལ་སྤེལ། ཁུལ་དང་རྫོང་རིམ་པའི་སྤྱི་བདེ་དང་མེ་གསོད། དྲག་ཆས་ཉེན་རྟོག། དམངས་སྲིད་དང་འཕྲོད་བསྟེན། ཆུ་བེད་སོགས་ལས་ཁུངས་ཀྱི་ལས་བྱེད་མི་སྣ་དང་ཝུའུ་ལན་རྫོང་གི་དམངས་དམག་བཅས་བསྡོམས་པས་མི་ལྔ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་མྱུར་སྐྱོབ་བྱེད་པའི་ལག་ཆ་རིགས་སྣ་ཚོགས་གནོད་ཐེབས་ཡུལ་དངོས་སུ་འཁྱེར་ནས་མཐའ་ཁོར་གྱི་སྤྱི་ལེ་སོ་དྲུག་གི་ས་ཁོངས་སུ་ཡང་དང་བསྐྱར་དུ་དྲ་བ་འཐེན་པ་བཞིན་མྱུར་སྐྱོབ་བྱས།

    མཚོ་ནུབ་ཁུལ་དམངས་སྲིད་པུའུ་ཡིས་ཁུལ་རྒུད་སྐྱོབ་དངོས་རྫས་གྲ་སྒྲིག་མཛོད་ཁང་དང་གཏེར་ལེན་ཁ་གྲོང་ཁྱེར། ཐེམ་ཆེན་རྫོང་བཅས་ནས་འཕྲལ་བཀོལ་གློག་སྒྲོན་གོ་གསུམ་དང་ལག་འཁྱེར་གློག་སྒྲོག་ཉེར་ལྔ། དགུན་ལྭ་བརྒྱ་དང་གྱ་ལྔ། ཉལ་ཐུལ་ཉི་ཤུ། ཆར་ལྭ་ཉིས་བརྒྱ་དང་བཞི་བཅུ། ཆུ་ལྷམ་ཉིས་བརྒྱ་དང་སོ་གཉིས། ལྭ་བ་ཆ་ཚང་བཞི་བཅུ་སོགས་དང་རྒུད་སྐྱོབ་ལག་ཆ་བཅས་ཚེས་ཉེར་གཅིག་ཉིན་གྱི་དུས་ཚོད་གཅིག་གི་སྟེང་མྱུར་དུ་གནོད་ཐེབས་ཡུལ་དངོས་སུ་བསྐྱལ། ཁུལ་འཕྲོད་བསྟེན་སྡེ་ཁག་གིས་མྱུར་དུ་སྨན་བཅོས་མི་སྣ་དང་མྱུར་སྐྱོབ་རླངས་འཁོར་གྱིས་གྲུབ་པའི་སྨན་བཅོས་རོགས་སྐྱོར་རུ་ཁག་ཡུལ་དངོས་སུ་མངགས་ནས་རྨས་མར་སྨན་བཅོས་བྱེད་པའི་བྱ་བ་སྤེལ།

    ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་རེ་བ་ལྟར། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་དང་ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་གཉིས་ཀྱིས་སོ་སོར་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བའི་སྣེ་ཁྲིད་ནས་གནོད་ཐེབས་ས་ཁུལ་དུ་སོང་སྟེ་གནོད་ཐེབས་མང་ཚོགས་དང་མྱུར་སྐྱོབ་མི་སྣར་འཚམས་འདྲི་བྱས་པ་མ་ཟད། གནོད་འགོག་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས།

    ཞིང་ཆེན་དམངས་སྲིད་སྡེ་ཁག་གིས་མྱུར་དུ་བྱ་འགུལ་སྤེལ་ཏེ་དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཞིང་ཆེན་སྲིད་གཞུང་ལ་ཡར་ཞུ་བྱས་པ་དང་། དུས་ཐོག་ཏུ་བྱ་བའི་ཚན་ཆུང་མངགས་ཏེ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་དང་གནོད་འཚེའི་གནས་ཚུལ་ལ་ལྟ་ཞིབ་བྱས་རྗེས་མྱུར་དུ་རྒུད་སྐྱོབ་དངོས་རྫས་བྱིན། ཞིང་ཆེན་འགྲིམ་འགྲུལ་ཐིན་དང་ཆུ་བེད་ཐིན་སོགས་སྡེ་ཁག་གིས་ཀྱང་མྱུར་དུ་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ནས་ཡུལ་དངོས་སུ་སོང་སྟེ་མྱུར་སྐྱོབ་བྱ་བ་སྤེལ།

    མིག་སྔར་གནོད་སེལ་རྒུད་སྐྱོབ་དང་རྨས་མར་སྨན་བཅོས་བྱེད་པ། འདས་པོའི་ཁྱིམ་མིར་སེམས་གསོ་བྱེད་པ་སོགས་ཀྱི་བྱ་བ་རྣམས་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག