མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རི་རྒན་སྡེ་བའི་འབྲོག་དམངས་ཀྱི་བདེ་སྐྱིད་འཚོ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-19 09:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རིགས་ཀྱི་ཁྱད་ཆོས་ལྡན་ལ་སྡེ་བའི་ཀུན་ནས་ཕྱུག་པའི་སྡོད་ཁང་དག་གྲལ་བསྟར་སྒྲིག་ཡོད་པ་དང་། ཁྱིམ་ཚང་རེར་གཙང་ཞིང་དག་པའི་ཨར་འདམ་གཞུང་ལམ་བསྐྲུན་པ། ལམ་འགྲམ་དུ་ཉི་འོད་ནུས་པའི་ལམ་སྒྲོན་བཙུགས་ཤིང་། སྡོད་ཁང་ནང་དུ་བརྙན་འཕྲིན་དང་སྒྲ་བསྐྱེད། ལྭ་བ་འཕྲུལ་ཆས་སོགས་དེང་རབས་འཕྲུལ་ཆས་སྣ་ཚོགས་ཡོད།

ཟླ2བའི་ཚེས28ཉིན། མཛེས་སྡུག་ལྡན་པའི་ཞིན་ཧེ་རྩྭ་ཐང་དུ་ཉི་འོད་དྲོད་འཇམ་ངང་ཤར་ཡོད། ཞིན་ཧེ་རྫོང་འབྲོག་དམངས་གཏན་སྡོད་ཁུལ་གསར་སུ་སོང་ཚེ། རུ་སྤོར་འབྲོག་ས་ནས་སྡོད་ཁང་གསར་བར་སྤར་བའི་འགྱུར་ལྡོག་ནི་ཧ་ལས་དགོས་པ་ཞིག་རེད། ཉེ་བའི་ལོ་འདི་དག་གི་བདེ་སྐྱིད་གཏན་སྡོད་ཀྱི་འཚོ་བ་བཤད་ཚེ། རི་རྒན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གུ་རུ་པད་མས་བསྟོད་བསྔགས་ཡང་ཡང་བྱེད། གཏན་སྡོད་འཚོ་བའི་སྲིད་ཇུས་ཧ་ཅང་བཟང་། ཉེ་བའི་ལོ་འདི་དག་རིང་ཡངས་ཤིང་གསལ་བའི་སྡོད་ཁང་གིས་དེ་སྔའི་ཁང་རྙིང་གིས་ཚབ་བྱས་པ་དང་། འཚོ་སྡོད་ཆ་རྐྱེན་དང་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་ཐོབ་པས་གཏན་སྡོད་ཀྱིས་ང་ཚོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བཏང་སོང་ཟེར།

 གུ་རུ་པད་མའི་འཚོ་བར་འགྱུར་ལྡོག་བྱུང་བ་ནི་གཏན་སྡོད་འཚོ་བ་ཁོ་ན་མིན།

ཞིན་ཧེ་རྫོང་ནི་མཚོ་ངོས་ལས་མཐོ་ཚད་མུས3300ཡོད་པ་དང་ཆ་སྙོམས་ཀྱི་མཐོ་ཚད་མུས4300ཡོད་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་འབོར་ཆུང་བའི་འཕེལ་རྒྱས་སུ་ཕྱིན་མེད་པའི་ས་ཁུལ་གྲས་ཡིན་པ་དང་། རྫོང་ཡོངས་སུ་ཤང་གྲོང7དང་སྲིད་འཛིན་སྡེ་བ57ཡོད་པ་དེའི་ནང་མང་ཆེ་བ་ནི་འགྲིམ་འགྲུལ་སྟབས་མི་བདེ་སར་ཆགས་ཡོད།

གུ་རུ་པད་མའི་ཁྱིམ་ཚང་ནི་ཞིན་ཧེ་རྫོང་རྩི་ཀོར་ཐང་གྲོང་རྡལ་རི་རྒན་སྡེ་བ་ཡིན་ལ། སྡེ་བ་དེའི་མིང་ནི་རི་རྒན་རི་བོ་ལས་མིང་བཏགས་པ་ཡིན།

ཉེ་བའི་ལོ་འདི་འགའི་རིང་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་འོག རི་རྒན་འདབས་རོལ་ཏུ་ཆགས་པའི་རི་རྒན་སྡེ་བའི་མང་ཚོགས་ཀྱིས་རྩྭ་ཆུ་བསྙེགས་པའི་རུ་སྤོར་འཚོ་བ་མཇུག་བསྒྲིལ་ཏེ་སྦྲ་གུར་དང་ཁ་གྱེས་ནས་ཡངས་ཤིང་གསལ་ལ་བདེ་འཇགས་དང་དྲོད་སྐྱིད་ལྡན་པ་དང་། བྱེད་ནུས་ཆ་ཚང་ཡིན་པའི་གཏན་སྡོད་ཁང་བར་གནས་སྤར་བ་དང་། ལོ་རྒྱུས་རང་བཞིན་གྱི་ཐོལ་བརྒལ་མངོན་འགྱུར་བྱས་ནས་སྔར་ལས་མང་བའི་འབྲོག་དམངས་རྣམས་གྲོང་ཁྱེར་གྱི་མི་དང་འདྲ་བར་དེང་རབས་དཔལ་ཡོན་གྱི་བདེ་སྐྱིད་འཚོ་བ་ལ་རོལ།

རི་རྒན་སྡེ་བའི་ནང་སོ་ཕག་གི་སྡོད་ཁང་དག་གྲལ་བསྒྲིགས་ནས་མཛེས་ཤིང་ལྟ་ན་སྡུག་ལ། ཏང་ཡོན་བྱ་འགུལ་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་། བྱིས་གཉོར་ཁང་བཅས་ནི་སྡོད་ཁང་གཞན་ལས་ཁྱད་དུ་འཕགས་ཡོད་པ་དང་། མཚམས་རེར་འབྲོག་མིས་སྦག་སྦག་འཁོར་ལོ་དང་རླངས་འཁོར་བསྐོར་ནས་གཞུང་ལམ་བགྲོད་སྐབས་ཕྱུགས་ལས་རྐྱང་བ་གཉེར་བའི་སྡེ་བ་འདིར་དེང་རབས་ཀྱི་ཁ་དབུགས་གསར་བ་ཞིག་བསྣན་འོང་།

གུ་རུ་པད་མའི་ཁྱིམ་དུ་སོང་བ་ན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་སྤྲས་དང་དེང་རབས་ཀྱི་འཕྲུལ་ཆས་དག་གིས་ཁྱིམ་བདག་གི་འབྱོར་ཕྱུག་ལྡན་པའི་འཚོ་བ་མངོན་པར་མཚོན་ཡོད། མུས་གྲུ་བཞི་མ120ཡོད་པའི་སྡོད་ཁང་ནང་ཁྱིམ་བདག་མས་གད་བདར་བྱས་པ་ཧ་ཅང་གཙང་ལ་གྲལ་དག་པ་ཞིག་རེད། ཤང་གྲོང་གི་ལས་བྱེད་པ་འགྲོ་རོགས་ཚེ་རིང་དབང་ལྡན་གྱིས་བཤད་རྒྱུར། གཏན་སྡོད་བྱས་པ་དེས་འབྲོག་དམངས་ཀྱི་འཚོ་བར་འགྱུར་ལྡོག་བཏང་ཡོད་ལ། སྔར་ལས་མང་བའི་འབྲོག་དམངས་ཁྱིམ་ཚང་དུ་བརྙན་འཕྲིན་དང་འཁྱགས་སྒམ། VCDསོགས་དེང་རབས་ཁྱིམ་སྤྱོད་གློག་ཆས་བཀོལ་བཞིན་ཡོད་པ་དང་། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཆས་དང་སྦག་སྦག་འཁོར་ལོ། རླངས་འཁོར་སོགས་ཀྱང་མང་ཚོགས་ཀྱིས་བཀོལ་བཞིན་ཡོད་པས་གཏན་སྡོད་འབྲོག་དམངས་ཀྱི་འཚོ་བའི་སྤུས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། དུས་ཡུན་རིང་བོའི་ནང་འབྲོག་དམངས་ཀྱིས་ནད་བཅོས་བྱེད་དཀའ་བ་དང་བྱིས་པ་སློབ་གྲྭར་འགྲིམས་མི་ཐུབ་པའི་གནད་དོན་སོགས་ཀྱང་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཡོད། གཞན་ཡང་གཏན་སྡོད་འཚོ་བས་འབྲོག་དམངས་ཀྱི་བསམ་བློ་འདུ་ཤེས་ལ་འགྱུར་ལྡོག་བཏང་ཞིང་། ཁྱད་ལྡན་གསོ་སྤེལ་དང་རྩོལ་ལས་ཕྱིར་གཏོང་གིས་ཡོང་འབབ་ཇེ་མང་ལ་བཏང་ཡོད་ཟེར།

གུ་རུ་པད་མས་དགའ་སྤྲོའི་ངང་ནས་བཤད་རྒྱུར། སྡེ་བ་ཧྲིལ་བོའི་འབྲོག་དམངས་ཁྱིམ་ཚང105ལ་སྡེ་བའི་ནང་སྡོད་ཁང་ཡོད་པ་མ་ཟད་གྲོང་རྡལ་དུའང་སྡོད་ཁང་ཡོད་ལ། ཁ་ཤས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ལོངས་སྤྱོད་བྱས་ཏེ་བདེ་སྡོད་ཁང་བར་སྤར་ཡོད་པ་དང་། ཁ་ཤས་ཀྱིས་བྱིས་པ་སློབ་གྲྭ་འགྲིམ་པར་སྟབས་བདེ་བསྐྲུན་ཆེད་མཁར་གྲོང་ནས་སྡོད་ཁང་གླས་ཡོད། སྡེ་བ་ཧྲིལ་བོའི་ནང་རྫོང་མཁར་མཐའ་འཁོར་དུ་ཞོར་ལས་ལས་བཞིན་པའི་མི200ལྷག་དང་སྐྱེལ་འདྲེན་ལས་རིགས་གཉེར་བའི་མི20ལྷག་ཡོད།

འབྲོག་པ་དབང་བྷོ་ཚེ་རིང་གིས་སྣེ་ཁྲིད་འོག ང་ཚོ་ཁོའི་ཁྱིམ་གྱི་ཕྱུགས་བཀོལ་དྲོད་ཁང་དུ་སོང་། དབང་བྷོ་ཚེ་རིང་གིས་བཤད་རྒྱུར། ཕྱུགས་བཀོལ་དྲོད་ཁང་གིས་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་ཞན་པའི་གནས་ཚུལ་ལེགས་བཅོས་བྱས་པ་མ་ཟད། སྲོལ་རྒྱུན་གྱི་རུ་སྤོར་ཕྱུགས་ལས་གཉེར་བར་འགྱུར་ལྡོག་བཏང་ནས་དེང་རབས་ཀྱི་སྒྲིག་ཆས་ཕྱུགས་ལས་དུ་བསྒྱུར་ལ། དུས་མཚུངས་སུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཡོད། ན་ནིང་སྡེ་བས་ད་རུང་སྡེ་བ་ཧྲིལ་བོར་སྐུལ་འདེད་གཏོང་བའི་ལས་གཞི་ལག་བསྟར་བྱས་ནས་མ་དངུལ་སྒོར་དུང་ཕྱུར76བཏང་སྟེ་ཁྱིམ་ཚང121ལ་ལུག1310བྱིན།

རི་རྒན་སྡེ་བའི་འབྲོག་དམངས་གཏན་སྡོད་བྱས་རྗེས་རྨང་གཞི་སྒྲིག་ཆས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྔོན་ཆད་ཆར་བ་བབས་རྗེས་སྡེ་བའི་ནང་དུ་ཕར་འགྲོ་ཚུར་འོང་ལ་དཀའ་ལས་ཆེན་པོ་ཡོད་པ་དང་། ད་ལྟ་སྡེ་བའི་གཞུང་ལམ་ཚང་མ་ཨར་འདམ་བཏིངས་ཡོད་ལ། སྡེ་བའི་ནང་དུ་འཕྲོད་བསྟེན་ཁང་དང་ཏང་ཡོན་བྱ་འགུལ་ཁང་། བྱིས་གཉོར་ཁང་བཅས་བསྐྲུན་ཡོད་པ་ལ་སྡེ་དམངས་ཀྱིས་སྒོར་མོ་ཕུད་མེད།

གཞུང་ལམ་ཤར་གཏོང་བྱས་པ་དང་སྣུམ་སྒྲོན་དང་ཁ་གྱེས་ནས། རི་རྒན་སྡེ་བའི་འབྲོག་དམངས་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ལྟ་སྡེ་བ་ཧྲིལ་བོར་ཁྱིམ་ཚང454དང་མི1723ཡོད་ལ། སྡེ་བའི་ནང་སྦག་སྦག་འཁོར་ལོ300ལྷག་དང་རླངས་འཁོར་ཆུང་བ70ཡོད། རྩྭ་ས་མུའུ་ཁྲི62.5དང་ཕྱུགས་ཟོག་ཁྲི3.2ཡོད་ལ། དེའི་ནང་ཕྱུགས་རིགས9000དང་ལུག་ཁྲི2.3ཡོད། 2013ལོར་སྡེ་བ་ཧྲིལ་བོའི་འབྲོག་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་སྒོར5500ལ་སླེབས་ཡོད།

ན་ནིང་ལོ44ལ་སོན་པའི་ཀླུ་མོ་སྐྱིད་ལ་མཚང་ཁོག་གཉན་ཚད་ཀྱི་ནད་བྱུང་ནས་ཞིང་ཆེན་མི་དམངས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱས། སྔོན་ལ་ཞག་སྡོད་སྨན་བཅོས་དང་རྗེས་ནས་སྨན་རིན་རྩིས་སྤྲོད་བྱེད་པའི་སྨན་བཅོས་ལམ་ལུགས་གསར་བའི་སྲིད་ཇུས་བརྒྱུད་དེ། སྨན་རིན་འགྲོ་གྲོན་སྒོར་ཁྲི1ལྷག་གི་ནང་ཀླུ་མོ་སྐྱིད་རང་ཉིད་ཀྱིས་སྒོར2000ཙམ་ལས་ཕུད་མེད།

ཀླུ་མོ་སྐྱིད་ཀྱིས་བཤད་རྒྱུར། འདི་ནི་སྔོན་ཆད་སེམས་ལའང་འཆར་མི་ཐུབ། ད་ལྟ་སྡེ་བ་ཧྲིལ་བོར་རུ་ཆུང3ཡོད་ལ། སྡེ་བའི་འཕྲོད་བསྟེན་ཁང2ཡོད་པ་དང་། སྨན་བཅོས་ཁང་དང་སྨན་སྡེབ་ཁང་། ནད་བརྟག་ཁང་སོགས་གཞི་རྩའི་ནད་བརྟན་སྨན་བཅོས་ཀྱི་སྒྲིག་ཆས་ཆ་ཚང་ཡོད། སྡེ་དམངས་ཀྱིས་སྡེ་བ་ནས་ནད་བརྟག་སྨན་བཅོས་བྱེད་ཐུབ་པ་ལས་གཞན་གསར་དར་ཞིང་སྡེའི་མཉམ་ལས་སྨན་བཅོས་བརྒྱུད་དེ་སྨན་རིན་མི་ཉུང་བ་ཞིག་རྩིས་ཞུ་བྱེད་ཐུབ་ཟེར།

འཚོ་བའི་སྤུས་ཚད་ཇེ་མཐོར་སོང་བ་དང་བསྟུན། རི་རྒན་སྡེ་བའི་འབྲོག་དམངས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་ནས་སློབ་གསོའི་ངོས་འཛིན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཚེ་རིང་དབང་ལྡན་གྱིས་བཤད་རྒྱུར། དེ་སྔོན་དབུལ་ཕོངས་ཡིན་པས་སློབ་གྲྭ་འགྲོ་བར་རྒྱན་ལེན་པ་ནས་ད་ལྟ་རང་འགུལ་གྱིས་སློབ་གྲྭར་འགྲོ་རྒྱུའི་རེ་བ་འདོན་བཞིན་ཡོད། རི་རྒན་སྡེ་བའི་འབྲོག་དམངས་ཀྱི་ཤེས་བྱ་དང་ནུས་རྩལ་ལ་ངོས་འཛིན་གཏིང་ཟབ་བྱུང་བ་དང་བསྟུན་གཏན་སྡོད་འབྲོག་དམངས་མང་པོས་རང་འགུལ་གྱིས་ཤེས་བྱ་གསར་བ་དང་ལེན་དང་ལག་རྩལ་གསར་བ་སློབ་སྦྱོང་བྱས་ཤིང་། བྱིས་པའི་སློབ་གསོ་དང་མ་འོངས་བའི་ཇུས་འགོད་འཕེལ་རྒྱས་ལ་གཙིགས་འཛིན་བྱས་པར་བརྟེན་བྱིས་པ་སློབ་གྲྭར་ཞུགས་ཚད་དང་སློབ་གསོ་མྱོང་ཚད་ཚད་མཐོན་པོས་གོང་དུ་འཕར་ཡོད། མིག་སྔར། སྡེ་བའི་བྱིས་པ་སློབ་གྲྭ་འགྲིམ་ཚད་དེ་སྔོན་ཆད་ཀྱི20ནས95ལ་ཇེ་མཐོར་སོང་ཞིང་། སློབ་གྲྭ་ཆེ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མ20ལྷག་ཡོད།

འབྲོག་ཁུལ་གྱི་རྨང་གཞི་ཆ་རྐྱེན་ལེགས་བཅོས་བྱས་པ་དང་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་གང་ཡིན་ཡང་། ང་ཚོར་ཤེས་རྟོགས་བྱུང་བ་ཞིག་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ལ་ཞིང་སྡེ་དང་འབྲོག་ཁུལ་ནི་གནད་འགག་ཡིན་ཞིང་། དེང་རབས་དཔལ་ཡོན་ལོངས་སྤྱོད་བྱེད་པར་འབྲོག་པ་མང་ཚོགས་ནམ་ཡང་བརྗེད་མི་རུང་། ཡོད་ཚད་བོད་ཁུལ་འབྲོག་དམངས་ཀྱི་བདེ་སྐྱིད་ཆེད་དང་། ཡོད་ཚད་བོད་ཁུལ་མང་ཚོགས་ཀྱིས་དེང་རབས་དཔལ་ཡོན་ལྡན་པའི་བདེ་སྐྱིད་འཚོ་བ་རོལ་བའི་ཆེད་དུ་འབྲོག་ཁུལ་དཔལ་འབྱོར་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག