མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་རྫ་སྟོད་རྫོང་གི་བྱ་བར་རྟོག་ཞིབ་བྱེད་སྐབས་བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་བཟང་བོ་བྱེད་པ་དང་རྫ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-21 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས19ཉིན་ནས་ཚེས20ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་དངོས་འབེབས་བྱེད་རྒྱུ་ནི་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ལས་རིམ་གལ་ཆེན་དུ་བཟུང་ནས། བཟོ་སྐྲུན་སྐབས་དང་པོའི་ཉམས་མྱོང་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་དུ། རིམ་གྱིས་ལམ་ལུགས་དང་བྱེད་ཕྱོགས་གསར་སྒྱུར་དང་རང་འགན་དོན་འཁྱོལ་ཡོང་བར་འབད་འབུངས་ཧུར་བསྐྱེད་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་བྱེད་ནུས་གཙོ་བོ་འདོན་སྤེལ་གང་ལེགས་སྒོས་གཙང་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པ་ལག་བསྟར་དངོས་འབེབས་བྱེད་པ་དང་རྫ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས་ཟེར།

ཚེས་བཅུ་དགུ་ཉིན་གྱི་ཞོགས་པར། ཡུལ་ཤུལ་ཁུལ་ཐོག་ནས་བསྡུས་པའི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་མཐུན་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་གྲོལ་མ་ཐག ཧའོ་ཕིན་གྱིས་དཀའ་ངལ་ཁྱད་དུ་བསལ་ནས་རྫ་སྟོད་ལ་རྟོག་ཞིབ་བྱེད་དུ་སོང་། གདང་ལ་རི་བོའི་ནུབ་རྒྱུད་དུ་ཆགས་པའི་བྱ་ཕུག་ཐང་གྲོང་རྡལ་ས་ཆེན་སྡེ་བའི་རི་ལྡེབས་གང་སར་མང་ཚོགས་མང་པོས་བསྟར་ཕྲེང་བསྒྲིག་ནས། ཨ་བྲ་གསོད་སྤྱད་ཀྱི་རྫས་གང་སར་གཏོར་གྱིན་ཡོད། ཧའོ་ཕིན་རྩྭ་ཐང་སྟེང་དུ་སོང་ནས་ཨ་བྲའི་ཁུང་སྒོར་རྫས་གཏོར་བའི་རྣམ་པར་ཞིབ་ལྟ་བྱས། གྲོང་རྡལ་དང་སྡེ་བའི་ལས་བྱེད་པས་ཧྲིན་ཀྲང་ལ་ཨ་བྲའི་གནོད་འཚེ་འགོག་བཅོས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཧའོ་ཕིན་གྱིས་བྱེད་ཐབས་དེར་ཁས་ལེན་གང་ལེགས་བྱས་པ་མ་ཟད། མུ་མཐུད་སྐྱེ་དངོས་འགོག་བཅོས་བྱེད་པ་དང་མཉམ་དུ། བྱ་གླག་འགུག་པ་སོགས་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་དེ་ཨ་བྲའི་གནོད་པ་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།

རྫ་ཆུའི་གྲོག་རོང་ཆེན་མོ་བརྒྱུད་ནས་འགྲོ་དུས། རི་བཀག་ནགས་སྐྲུན་བྱ་བས་སྐྱེ་ཁམས་ལ་ཕན་བདེ་ཆེན་པོ་བསྐྲུན་ཡོད་པ་དང་། འབྲོག་པས་སྒོ་ཕྱུགས་འཚོ་སྐྱོང་གི་གཞི་རྒྱ་ཆེར་བསྐྱེད་ཀྱིན་པ་མཐོང་བས། ཧའོ་ཕིན་གྱིས་ཁོ་དང་མཉམ་དུ་ཡོད་པའི་འབྲེལ་ཡོད་ལས་བྱེད་པར་བཤད་རྒྱུར། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ན།ཐོག་མར་རང་བྱུང་ཁམས་ཆེན་མོའི་ཆོས་ཉིད་ལ་བསྟུན་དགོས་པ་དང་། སྲུང་སྐྱོབ་སྔོན་འགྲོར་འཛིན་པ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། རང་བྱུང་ཁམས་བསྐྱར་གསོན་ཡོང་བ་གཙོ་གནད་དུ་འཛིན་པ་བཅས་བྱས་ནས། ཚན་རིག་གིས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། སྐྱེ་ཁམས་ཕྱུགས་ལས་ཤུགས་ཆེན་པོས་སྤེལ་ནས། སྒོ་ཕྱུགས་འཚོ་སྐྱོང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་མ་ཟད། རྩྭ་ས་དང་སྒོ་ཕྱུགས་གཉིས་དོ་མཉམ་ཡོང་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་སྐྱེད་འཕེལ་རྒྱས། འབྲོག་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་བཅས་མངོན་དུ་འགྱུར་བར་འབད་དགོས་ཟེར།

བྱ་ཕུག་ཐང་གྲོང་རྡལ་གྱི་ཐང་ནག་ཐང་སྐྱེ་ཁམས་གནས་སྤོར་སྡེ་བ་རུ། ཧའོ་ཕིན་སྔ་གཞུག་ཏུ་འབྲོག་པ་དཔལ་ཆེན་དང་ཨ་མྱེས་སྐལ་རྣམ་གཉིས་ཀྱི་ཁྱིམ་དུ་སོང་ནས། བརྩེ་བའི་ཁ་བརྡ་བྱས། ཧྲིན་ཀྲང་གིས་འབྲོག་དམངས་ཚོ་དང་མཉམ་དུ་རྫོང་ཐོག་ཏུ་གནས་སྤར་རྗེས་ཀྱི་ཁོ་ཚོའི་ཡོང་འབབ་ཞིབ་རྩིས་བརྒྱབ། ཞིབ་རྩིས་བརྒྱབ་རྗེས་ཧྲིན་ཀྲང་གིས་ཤེས་གསལ་བྱུང་བ་ནི། རྫོང་ཐོག་ཏུ་ཁོ་ཚོས་གཟན་ཆས་དང་བུད་ཤིང་། འཚོ་བའི་ཁ་གསབ། སྐྱེ་ཁམས་སྲུང་སྐྱོབ་བཅས་ཀྱི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱོད་ཀྱིན་ཡོད་པར་མ་ཟད། ད་དུང་དབྱར་རྩྭ་དགུན་འབུ་བརྐོས་པ་ལས་བྱུང་བའི་ཡོང་འབབ་ཀྱང་མི་ཉུང་བ་ཞིག་ཡོད། གནས་ཚུལ་དེ་ཤེས་འཕྲལ། ཧའོ་ཕིན་དགའ་བ་འབུམ་གྱིས་མྱོས་ནས་བཤད་རྒྱུར། ཏང་དང་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྣ་མང་སྟེར་བའི་སྲིད་ཇུས་རྒྱུན་མཐུད་ངང་སྤེལ་དགོས་པ་དང་མཉམ་དུ། རྩྭ་སར་གནོད་པ་མི་སྐྱེལ་བའི་སྔོན་འགྲོའི་འོག་ཏུ་མང་ཚོགས་ཀྱི་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཇེ་བརྟན་ཡོང་བར་འབད་དེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བསྟུད་མར་འཕར་སྣོན་ཡོང་བར་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག