མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་དང་པོའི་ནང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་ཐད་ལ་མ་དངུལ་སྒོར་དུང་ཕྱུར93.6ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-22 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོའི་ནང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ་དང་། ལོ་ཧྲིལ་བོའི་དམིགས་འབེན་ལེགས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས། ཟླ3པའི་ཟླ་མཇུག་བར་དུ། གཙོ་གནད་ལས་གཞི141ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར93.6ལེགས་འགྲུབ་བྱས་ཤིང་། དེས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་བཏང་བའི་མ་དངུལ་གྱི53.5%ཟིན་ཡོད། ལས་གཞི73ཡང་བསྐྱར་ལས་མགོ་བརྩམས་ཤིང་དེས་ཡང་བསྐྱར་ལས་མགོ་རྩོམ་ཚད་ཀྱི52%ཟིན་ཞིང་། ན་ནིང་གི་དུས་མཉམ་ལས་ཇེ་མཐོར་སོང་ཡོད།

ད་ལོར་ཞིང་ཆེན་ཡོངས་ཀྱི་བསྡོམས་པས་གཙོ་གནད་ལས་གཞི141བཀོད་སྒྲིག་བྱས་ཡོད་པ་དང་། དེ་དག་ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས། གྲོང་རྡལ་ཅན། ཐོན་ལས། སྐྱེ་ཁམས་སྲུང་སྐྱོང་དང་ནུས་སྲི་སྙིགས་འཕྲི། དམངས་འཚོ་བཅས་ཕྱོགས7ལ་ཁྱབ་ཡོད། དེའི་ནང་མཐུད་སྐྲུན་ལས་གཞི70དང་གསར་དུ་ལས་མགོ་ཚུགས་པའི་ལས་གཞི71ཡོད།

རྒྱུས་ལོན་པ་ལྟར་ན། མཐུད་སྐྲུན་ལས་གཞི70ཁྲོད། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་དང་ཚྭ་ཁ་ནས་ན་གོར་མོ་བར་གྱི་མྱུར་བགྲོད་གཞུང་ལམ། མཚོ་སྔོན་ནས་སི་ཁྲོན་བར་གྱི་གཞུང་ལམ་ཆེན་མོ་སོགས་ལས་གཞི49ཡང་བསྐྱར་ལས་མགོ་ཚུགས་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར56.2ལེགས་འགྲུབ་བྱས་ཡོད། གསར་དུ་ལས་མགོ་ཚུགས་པའི་ལས་གཞི71ཁྲོད། 2014ལོའི་ཟི་ལིང་གྲོང་ཁྱེར་གྱི་སྲིད་དོན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། 2014ལོའི་མཚོ་ཤར་ལྟེ་གནས་མཁར་ཁུལ་འཛུགས་སྐྲུན། 2014ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་འགོད་སོགས་ལས་གཞི24འཛུགས་སྐྲུན་བྱེད་མགོ་བརྩམས་ལ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར37.4ལེགས་འགྲུབ་བྱས་ཡོད། ཧྭ་ཐུའུ་ཀུ་དམངས་སྤྱོད་གནམ་གྲུ་འབབ་ཚིགས་དང་མགོ་ལོག་དམངས་སྤྱོད་གནམ་གྲུ་འབབ་ཚིགས། ཟི་ལིང་ཚ་ནུས་གློག་འདོན་ཁང་། མཚོ་ཤར་རྨ་ཆུའི་བཞུར་རྒྱུད་ཀྱི་ཚོད་སླེ་བཟོ་འགོད་དཔེ་སྟོན་རྟེན་གཞི་སོགས་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱེད་པར་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཟླ4བའི་ཟླ་མཇུག་སྔོན་ལ་ཡང་བསྐྱར་ལས་མགོ་རྩོམ་པར་བརྩོན་ལེན་བྱེད་རྒྱུ་རེད།

ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་བསྟན་དོན། རྗེས་ཕྱོགས་སུ་སྔར་ལས་ལྷག་པའི་སྒོ་ནས་ལས་གཞི་མཐུན་སྦྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དུས་སྐབས་སྔོན་མའི་བྱ་བའི་འཕར་ཚད་ཇེ་མགྱོགས་དང་ནུས་ཤུགས་ཆེན་པོས་འཛུགས་སྐྲུན་ཆ་རྐྱེན་འཐུས་ཚང་དུ་གཏོང་བ་དང་། དུས་ལྟར་གནད་དོན་སྣ་ཚོགས་མཐུན་སྦྱོར་དང་ཐག་གཅོད་བྱས་ནས། ལས་གཞི་སྐོར་ཞིག་སྔ་མོ་ནས་ལས་ལས་མགོ་རྩོམ་པ་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་ལོ་སྟོད་ཀྱི་དུས་ཡུན་ཕྱེད་ཀའི་རིང་ལས་འགན་ཕྱེད་ཀ་འགྲུབ་པར་ཁག་ཐེག་བྱེད་པ་དང་། གཙོ་གནད་ལས་གཞིའི་རོགས་སྐྱོར་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་རྒྱུ་ཡིན་ཟེར།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག