མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-15 12:03

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་དང་།ཡུལ་སྐོར་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ།“མཛེས་པའི་མཚོ་སྔོན”གྱི་ཡུལ་སྐོར་གཟུགས་བརྙན་གང་ལེགས་མངོན་པ་བཅས་བྱ་ཆེད།ཞིང་ཆེན་ཡུལ་སྐོར་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་ཚོགས་ཆུང་3བཙུགས་ནས་ཟླ་ལྔ་པར་ས་མཐོར་ཡུལ་སྐོར་བ་མང་བའི་དུས་ཚིགས་འཆར་ཚུན་སྔ་རྗེས་སུ་ཞིབ་བཤེར་ཚོགས་ཆུང་16(ཐེངས་གྲངས)བཏང་ནས་མཛེས་ལྗོངས་ཁུལ་དང་དེའི་མཐའ་སྐོར་གྱི་ཁོར་ཡུག་བཅོས་སྒྲིག་དང་།རིག་གནས་ཡུལ་སྐོར་མཉམ་འདྲེས།《ཡུལ་སྐོར་བཅའ་ཁྲིམས》ཀྱི་ལག་བསྟར་བྱས་ཚུལ་སོགས་ཕྱོགས་དགུའི་ནང་དོན་ལ་མངོན་བཤེར་ལྐོག་ཞིབ་བྱེད་པའི་བྱ་ཐབས་སྤྱད་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་མཛེས་ལྗོངས་ཁུལ(ས་ཚིགས)35དང་ཡུལ་སྐོར་གཙོ་གནད་རྫོང་14ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་གྱི་སྤྱིའི་གནས་ཚུལ་ནས་བལྟས་ཚེ།ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་དངོས་ཟོག་གང་བྱུང་དུ་སྤུངས་བ་དང་འཇོག་པ་དང་།གུར་གང་བྱུང་དུ་ཕུབ་པ།སྟབས་བདེའི་ཁང་པ་གང་བྱུང་དུ་རྒྱག་པ་སོགས“བཙོག་ཟིང་བརྒྱད”ཀྱི་སྣང་ཚུལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པ་དང་།མཛེས་ལྗོངས་ཁུལ་གྱི་སྤྱི་པའི་གསང་སྤྱོད་སྐྲུན་མགྱོགས་སུ་བཏང་བ།གཙང་སྦྲའི་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་པ།སྤྱི་པའི་གསང་སྤྱོད་ཀྱི་གཙང་སྦྲའི་གནས་ཚུལ་ལེགས་བཅོས་བྱུང་བ།མཛེས་ལྗོངས་ཁུལ་མཐའ་སྐོར་གྱི་ཁྲིམས་འགལ་ཨར་སྐྲུན་དང་ལྟ་སྐོར་ལ་འགོག་རྐྱེན་བཟོ་བའི་སྐྲུན་དངོས་ཁག་གཅིག་བཤིག་པ།མཛེས་ལྗོངས་ཁུལ་གྱི་ལམ་ངོས་དང་།ཆུ།ཡུལ་སྐོར་གྱི་རྐང་ཐང་ལམ།སྒྲོམ་སྐྱོར་སོགས་སྒྲིག་བཀོད་ཀྱི་བཀོད་པ་ལེགས་ཤིང་གཙང་སྦྲ་ལྡན་པ་བཅས་ཡོད་པ་རེད།དེ་དང་དུས་མཚུངས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ལག་ཁྱེར་མེད་པར་ཚོང་གཉེར་བྱེད་མཁན་དང་།ཚོང་པ་ཉི་ཚེ་བ།རྗེས་འདེད་ལྐོག་ཚོང་རྒྱག་མཁན།བཙན་ཤེད་ངང་ཉོ་ཚོང་བྱེད་མཁན་སོགས་ཡུལ་སྐོར་བའི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་།མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་ཟང་ཟིང་བཟོ་བ།མཛེས་ལྗོངས་ཁུལ་གྱི་གཟུགས་བརྙན་ལ་ཤུགས་རྐྱེན་བཟོ་བའི་བྱེད་སྤྱོད་བཅས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཡོད།མཛེས་ལྗོངས་ཁུལ་གྱི་ཚོང་ལས་དང་།བཟའ་བཏུང་།རོལ་རྩེད་བཅས་ཀྱི་ཚོང་གཉེར་བྱེད་ས་ཚད་ལྡན་དུ་གཏོང་བ་དང་།མཛེས་ལྗོངས་ཁུལ་གྱི་ཉེན་ཟོན་བྱང་བུ་དང་སྒྲོམ་སྐྱོར་སྲུང་སྐྱོང་དང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ།ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ།ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་གྲ་སྒྲིག་ཨང་བསར་ངང་ཞིང་ཆེན་ཡོངས་སུ་ཡུལ་སྐོར་གྱི་དུས་ཚིགས་བཟང་ཤོས་འཆར་རྒྱུར་བསུ་བ་ཞུས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག