མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་པད་མ་རྫོང་གི་དབུལ་ཕོངས་ཁྱིམ་ཚང་བདུན་བརྒྱ་དང་གོ་བདུན་རི་འགོ་ནས་བདེ་ཐང་དུ་གནས་སྤར།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-30 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཅིག་འབུམ་དགུ་བཏང་ནས་སེ་རའི་ཐང་ཞང་དང་ཡར་ཐང་ཞང་། སྡི་མདའ་ཞང་སོགས་གནད་སའི་དབུལ་ཕོངས་ས་ཁུལ་གྱི་སྲིད་འཛིན་སྡེ་བ་དགུ་ལ་དབུལ་སྐྱོར་གནས་སྤོར་ལས་གཞི་ལག་བསྟར་བྱས་པ་དང་། ལས་གཞི་དེ་ད་ལོའི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ཕྱོགས་ཡོངས་ནས་མགོ་བརྩམས་ལ་རོང་འབྲོག་ཁྱིམ་ཚང་བདུན་བརྒྱ་དང་གོ་བདུན་ལ་ཁེ་ཕན་ཐོབ།

གསར་འགོད་པས་ད་ལོའི་ཟླ་བདུན་པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་སྡི་མདའ་ཞང་གྲོང་ཁྲི་སྡེ་བ་ནས་མཐོང་བ་ལྟར་ན། འབྲོག་པ་མཐུ་བྷོ་ཡིས་རང་ཁྱིམ་ལ་ཁང་བ་ཉིས་ཐོག་ཞིག་ལས་བཞིན་ཡོད། མཐུ་བྷོས་གསར་འགོད་པར་བཤད་རྒྱུར། དེང་ཐོག་ངེད་ཚང་སྒང་འགོ་ན་ཡོད་ལ། ཆུ་དང་གློག་ཡང་མེད། ད་ལོར་རྫོང་སྲིད་གཞུང་གིས་ང་ཚོའི་ཁྱིམ་ཚང་རེར་འདུག་ཁང་གི་ཁ་གསབ་སྒོར་ཁྲི་བཞི་དང་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྒོར་ཁྲི་གཅིག་གི་ཁ་གསབ་བྱིན་པས། ང་ཚོ་རི་འགོ་ནས་ལམ་འགྲམ་དུ་གནས་སྤར་བ་དང་། རྗེས་ཕྱོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཡང་སྟབས་བདེ་བཟོས་ཟེར།

འབྲོག་དམངས་མཐུ་བྷོས་བེད་སྤྱོད་བྱེད་བཞིན་པ་ནི་མགོ་ལོག་པད་མ་རྫོང་གིས་ད་ལོར་ལག་བསྟར་བྱེད་བཞིན་པའི་དབུལ་སྐྱོར་གནས་སྤོར་ལས་གཞི་རེད། པད་མ་རྫོང་དེ་མཚོ་སྔོན་ཞིང་ཆེན་ལྷོ་ཕྱོགས་ཀྱི་རི་མཐོ་ལུང་ཟབ་ཏུ་གནས་པ་དང་། པད་མ་རྫོང་གི་དབུལ་ཕོངས་མི་གྲངས་ཀྱིས་རྫོང་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཀྱི་བརྒྱ་ཆའི་དྲུག་ཅུ་རེ་ལྔ་ཟིན། ཐོན་སྐྱེད་དང་འཚོ་བར་སྟབས་མི་བདེ་བས། པད་མ་རྫོང་གིས་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པ་དེ་དམངས་འཚོ་ལེགས་བཅོས་དང་འཆམ་མཐུན་ལ་ཡར་སྐུལ་བྱེད་པའི་ཐབས་ལམ་གསར་བར་བརྩིས་ཏེ་དབུལ་སྐྱོར་གསར་སྤེལ་བྱས་ནས་འབྲོག་དམངས་གནས་སྤོར་བྱེད་པའི་ལས་གཞི་བེད་སྤྱད་དེ་ཐབས་བརྒྱ་ཇུས་སྟོང་གིས་རི་མཐོ་ལུང་ཟབ་ཏུ་གནས་པའི་མང་ཚོགས་རྣམས་བདེ་ཐང་དུ་གནས་སྤར་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག