མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སློབ་རོགས་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བསྐྱི་རྒྱུ་རེད།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་སློབ་མའི་བྱ་བའི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ད་ལོའི་མཐོ་རྒྱུགས་ཀྱི་སློབ་བསྡུ་བྱ་བ་རིམ་པ་བཞིན་སྤེལ་བ་དང་བསྟུན་ནས། སློབ་མ་ཁག་ཅིག་ལ་སློབ་བསྡུ་བརྡ་སྦྱོར་འབྱོར་བ་དང་། སློབ་བསྡུ་བརྡ་སྦྱོར་འབྱོར་བའི་སློབ་མ་དག་གིས་རང་ས་གནས་ཀྱི་སློབ་གསོ་སྡེ་ཁག་ལ་སློབ་མའི་སྐྱེ་ཁུངས་ཀྱི་སློབ་རོགས་དངུལ་བུན་བསྐྱི་བའི་ཡིག་ཐོག་སྙན་ཞུ་ཕུལ་ཆོག

སློབ་མའི་སྐྱེ་ཁུངས་ཀྱི་ཡིད་རྟོན་སློབ་རོགས་དངུལ་བུན་ནི་རྒྱལ་ཁབ་གསར་སྤེལ་དངུལ་ཁང་སོགས་དངུལ་རྩ་ལས་ཁུངས་ཀྱིས་ཆ་རྐྱེན་དང་མཐུན་པའི་དཔལ་འབྱོར་ཐད་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སྤྱིར་བཏང་གི་སློབ་ཆེན་གྱི་སློབ་མ་གསར་བ་དང་སློབ་གྲྭ་རུ་ཡོད་པའི་སློབ་མར་བསྐྱི་བ་དང་། སློབ་མ་དང་ཁྱིམ་བདག་གིས་སློབ་མའི་སློབ་ཞུགས་ཁྱིམ་ཐོ་ཡོད་སའི་རྫོང་དང་གྲོང་ཁྱེར། ས་ཁུལ་གྱི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་དང་དངུལ་རྩའི་སྡེ་ཁག་ལ་ཡིག་ཐོག་སྙན་ཞུ་ཕུལ་མཐར། དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་སློབ་མར་རོགས་བྱས་ནས་སློབ་མའི་སློབ་གྲྭ་རུ་སློབ་སྦྱོང་བྱེད་སྐབས་ཀྱི་སློབ་རིན་དང་ཉལ་ཁང་གི་རིན་པར་སྟེར་བའི་སློབ་གསོའི་རོགས་སྐྱོར་དངུལ་བུན་ལ་ཟེར་བ་དང་། སྙན་ཞུའི་ཆ་རྐྱེན་དང་མཐུན་པའི་སློབ་མ་གཅིག་གིས་ལོ་རེར་ཆེས་མང་ན་སྒོར་སྟོང་དྲུག་གི་སློབ་རོགས་དངུལ་བུན་བསྐྱི་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་ཆོག་པ་མ་ཟད། བསྟུད་མར་ལོ་བཞི་ནས་ལོ་ལྔར་བསྐྱིས་ཆོག

རྒྱུས་ལོན་བྱུང་བ་ལྟར་ན། 2008ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ནང་ཁུལ་གྱི་རྫོང་སོ་དགུ་རུ་སློབ་མའི་སྐྱེ་ཁུངས་ཀྱི་དངུལ་བུན་སྟེར་བའི་བྱ་བ་སྤེལ་བ་དང་། དེའི་ཁྲོད་ཀྱི་རྫོང་སོ་གཅིག་གི་དངུལ་བུན་གྱི་སྐྱིན་ཚབ་སྤྲོད་པའི་ཚད་བརྒྱ་ཆའི་གོ་བདུན་ལ་བསླེབས། དངུལ་བུན་སྟེར་བའི་ཆ་རྐྱེན་དང་མཐུན་པ་ཚང་མར་དངུལ་བུན་སྟེར་བའི་རྩ་དོན་ལྟར་དུ། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྔོན་རྩིས་ལྟར་ན་སློབ་མ་ཁྲི་གསུམ་ལྷག་ལ་སློབ་མའི་སྐྱེ་ཁུངས་ཀྱི་སློབ་རོགས་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་སྟེར་རྒྱུ་ཡིན་པ་དང་། དེའི་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་སློབ་མའི་བརྒྱ་ཆའི་སུམ་ཅུ་ཟིན་ཟེར།

ཞིང་ཆེན་སློབ་གསོ་ཐིན་སློབ་མའི་བྱ་བའི་གཞུང་སྒྲུབ་ཁང་གིས་རྒྱུགས་ལེན་སློབ་མ་ཚོར་འདི་ལྟར་གསལ་འདེབས་བྱས་ཡོད་དེ། སློབ་མ་ཚོས་སློབ་མའི་སྐྱེ་ཁུངས་ཀྱི་སློབ་རོགས་དངུལ་བུན་བསྐྱི་བའི་ཡིག་ཐོག་སྙན་ཞུ་བཀོད་རྗེས། ངེས་པར་དུ་དངུལ་བུན་གྱི་སྐྱིན་ཚབ་སྤྲོད་པའི་དུས་བཅད་ལ་མཉམ་འཇོག་བྱས་ནས། གཏན་ཁེལ་བྱས་པའི་དུས་བཅད་ནང་དངུལ་བུན་གྱི་སྐྱིན་ཚབ་སྤྲོད་དགོས་པ་དང་། སྤྱིར་བཏང་གི་དུས་བཅད་ནི་སློབ་མཐར་ཕྱིན་རྗེས་ཀྱི་ལོ་བཅུ་རིང་ཡིན་ལ། དམིགས་བསལ་གྱི་གནས་ཚུལ་ཡོད་ན་སྐྱིན་ཚབ་སྤྲོད་པའི་དུས་བཅད་ཇེ་རིང་དུ་གཏོང་བའི་ཡིག་ཐོག་སྙན་ཞུ་ཕུལ་ཆོག་པ་དང་། གཏན་ཁེལ་བྱས་པའི་དུས་ཚོད་ནང་སྐྱིན་ཚབ་སྤྲོད་མ་ཐུབ་ཚེ། སློབ་མའི་ཡིད་ཆེས་དང་སྙན་གྲགས་ལ་གནོད་པ་ཐེབས་ངེས་པ་དང་། ད་ལོར། སྐྱིན་ཚབ་དུས་ལྟར་མ་སྤྲད་པའི་སློབ་མས་ཁང་བ་ཉོ་བའི་དངུལ་བུན་དང་རླངས་འཁོར་ཉོ་བའི་དངུལ་བུན་བསྐྱི་སྐབས་དངུལ་རྩའི་སྡེ་ཁག་གིས་དང་ལེན་བྱེད་རྒྱུ་མ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག