མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་དངོས་སུ་ལས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-13 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་བཟོ་སྐྲུན་ཉེ་ལམ་ཕྱོགས་ཡོངས་ནས་ལས་མགོ་བརྩམས་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་གཉིས་ཀྱི་རྗེས་མཐུད་ནས་སྤེལ་བའི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་ཆེན་པོ་ཞིག་རེད། ལས་གཞི་དེ་ལག་བསྟར་བྱས་པ་དེས། ཕན་ནུས་ཡོད་པའི་སྒོ་ནས་མདོ་ལ་རི་བོ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སླར་གསོ་བྱེད་ཐུབ་པ་མ་ཟད། ལྟག་ཆུ་བསྐྱི་གསོག་གི་ནུས་པ་ཇེ་མཐོ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ། ས་ཁོངས་ནང་གི་རོང་འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་བྱེད་པ་བཅས་བྱས་ནས། རང་རྒྱལ་གྱི་མཐོ་སྒང་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་ལྟ་བུ་འཛུགས་པར་བྱས་རྗེས་བསྐྲུན་རྒྱུ་རེད།

མདོ་ལ་རི་བོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་དང་ཀན་སུའུ་ཞིང་ཆེན་གྱི་ས་མཚམས་སུ་ཆགས་ཡོད་པ་དང་། སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་བྱས་ནས། 2012ལོའི་ཟླ་བཅུ་གཉིས་པར། རྒྱས་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་འཆར་གཞི་ལ་དངོས་སུ་ཆོག་མཆན་བཀོད་པ་དང་། འཆར་འགོད་ཁྱབ་ཁོངས་ཁྲོད་དུ་མདོ་ལ་རི་བོའི་ལྷོ་ལྡེབས་དང་བྱང་ལྡེབས་གཉིས་འདུ་བ་དང་། སྲིད་འཛིན་ཁྱབ་ཁོངས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ཉེར་གསུམ་ལ་ཁྱབ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་བཞི་བརྒྱ་དང་རེ་དྲུག་ཡོད། དེའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་གྱི་རྫོང་བཅུ་དང་ཞང་དང་གྲོང་རྡལ་དྲུག་ཅུ། ཕྱུགས་ར་གཅིག་བཅས་འདུ་ལ། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་སྟོང་གསུམ་བརྒྱ་དང་ཉེར་ལྔ་ལྷག་ཡོད། འཆར་འགོད་ནང་དོན་ཁྲོད་གཙོ་བོ་ནགས་ས་དང་རྩྭ་ས། བརླན་ས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་དང་། ས་ཆུ་སྲུང་འཛིན་བཟོ་སྐྲུན། འཁྱགས་རླུང་ཁོར་ཡུག་སྲུང་སྐྱོབ་བཟོ་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་འདེགས་སྐྱོར་བཟོ་སྐྲུན་དང་ཚན་རྩལ་འདེགས་སྐྱོར་བཟོ་སྐྲུན་ལས་གཞི་སོགས་ཕྱོགས་བདུན་འདུ་བ་དང་། འཆར་འགོད་ལས་ཚོད་རྩིས་ལྟར་ན་བསྡོམས་པས་དངུལ་བུན་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་དགུ་གཏོང་རྩིས་ཡོད་ལ། དེའི་ཁྲོད་མཚོ་སྔོན་ལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་གཏོང་རྒྱུ་ཡིན་པ་དང་། འཆར་འགོད་ཀྱི་འཛུགས་སྐྲུན་དུས་ཡུན་ནི་ལོ་བརྒྱད་རེད།

2013ལོའི་ཚུན་ལ། རྒྱལ་ཁབ་ཀྱིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་རྒྱབ་སྐྱོར་ཆེན་པོ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་གི་འཆར་འགོད་ལག་བསྟར་ལ་གཙིགས་འཛིན་བྱས་པ་དང་། ད་ལོར་ཞིང་ཆེན་ནོར་སྲིད་ཀྱིས་དངུལ་བུན་སྒོར་དུང་ཕྱུར་གཅིག་བཏང་ནས། རི་བཀག་ནགས་གསོ་དང་བྱེ་འགོག་ནགས་གསོ། རྩྭ་ས་དང་བརླན་སར་སྲུང་སྐྱོབ་དང་འཛུགས་སྐྲུན། ས་ཆུ་སྲུང་འཛིན། ནགས་ཚལ་དང་རྩྭ་སའི་མེ་འགོག གནོད་འབུ་དང་ཨ་བྲའི་གནོད་པ་འགོག་བཅོས་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག