མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ཀོས་ནན་བོད་ཀྱི་བརྩེགས་དྲུབ”ཕྱི་རྒྱལ་དུ་བཙོང་བ་དང་ཕྱིར་གཏོང་ཡོང་སྒོ་ཨ་སྒོར་ཁྲི32.8ལ་སླེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-08-14 10:09

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་།  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་བོད་ཀྱི་བརྩེགས་དྲུབ་ཐོན་རྫས་སྔ་རྗེས་སུ་པེ་ཅིན་དང་ལྷ་ས། ཀོང་ཀྲོའུ་སོགས་གྲོང་ཁྱེར་དུ་བཙོངས་པ་དང་། 《མཐུན་པ་སྤུན་བཞི》དང《ཨ་མདོའི་གྱོན་གོས》སོགས་བོད་ཀྱི་བརྩེགས་དྲུབ་ཕུལ་བྱུང་བརྩམས་ཆོས་ད་རུང་ཨ་རི་དང་དབྱིན་ཇི། ཧྥ་རན་སི། འཇར་པན། ཁིན་ནི་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཕྱིར་བཙོང་བྱས་པས། བསྡོམས་པས་ཕྱིར་གཏོང་གི་ཡོང་སྒོ་ཨ་སྒོར་ཁྲི32.8ལ་སླེབས་ཡོད།

བོད་ཀྱི་བརྩེགས་དྲུབ་ནི་ཕུལ་དུ་བྱུང་བའི་བོད་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ། ད་བར་དུ་ལོ་ངོ2000ལྷག་གི་ལོ་རྒྱུས་ཡོད་པ་དང་། མཚོ་བོད་མཐོ་སྒང་གི་རྨོ་ཞིང་དཔལ་ཡོན་དང་ལོ་རྒྱུས་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། “ཀོས་ནན་བོད་ཀྱི་བརྩེགས་དྲུབ”ཐོན་ལས་འཕེལ་རྒྱས་སུ་གཏོང་ཆེད། ཀོས་ནན་རྫོང་གིས་ཧུར་བརྩོན་གྱིས་དམངས་ཁྲོད་ཕུལ་བྱུང་བརྩེགས་དྲུབ་མཁན2600ལྷག་རྩ་འཛུགས་བྱས་ཏེ་སུའུ་ཀྲོའུ་སོགས་ས་ཁུལ་དུ་ཟབ་སྦྱོང་དུ་མངགས་ཏེ། སུའུ་ཀྲོའུ་བརྩེགས་དྲུབ་དང་ཧུའུ་ནན་བརྩེགས་དྲུབ་ཀྱི་བརྩེགས་ཐབས་སློབ་སྦྱོང་བྱས་ནས་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་དང་བརྩེགས་ཐབས་སྟེང་གསར་སྐྲུན་བྱས་པས། མིག་སྔར་ཁྱད་ཆོས་ལྡན་པའི་ཀོས་ནན་བོད་ཀྱི་བརྩེགས་དྲུབ་རྣམ་པ་ཞིག་ཆགས་ཡོད། “ཉི་འོད་བཟོ་འགོད”དང“སྦྲང་ཆར་འཆར་འགོད”། “ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་མཉམ་འཛུགས་བྱེད་པ”སོགས་ཀྱི་གསོ་སྦྱོང་ལས་གཞི་གཅིག་བསྡུ་བྱས་ནས་རོང་འབྲོག་ཁུལ་གྱི་བུད་མེད་མང་ཚོགས་ཁྲོད་བོད་ཀྱི་བརྩེགས་དྲུབ་གསོ་སྦྱོང་འཛིན་གྲྭ་སྐབས700ལྷག་བསྒྲུབས་པ་དང་། གསོ་སྦྱོང་བྱས་པའི་མི་གྲངས་ཁྲི1.2ལྷག་ལ་སླེབས་ཡོད། ཀོས་ནན་རྫོང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི1100ལྷག་བཏང་ནས་བོད་ཀྱི་བརྩེགས་དྲུབ་ཐོན་ལས་ར་བ་གསར་འཛུགས་བྱས་ཤིང་། བོད་ཀྱི་བརྩེགས་དྲུབ་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་བོད་ཀྱི་བརྩེགས་དྲུབ་མཐུན་ཚོགས་བཙུགས་ནས་གོ་རིམ་ལྡན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་བུད་མེད་རྩ་འཛུགས་བྱས་ཏེ་བོད་ཀྱི་བརྩེགས་དྲུབ་ཐོན་ལས་ལ་ཞུགས་སུ་བཅུག་སྟེ། ཐོན་སྐྱེད་གཞི་ཁྱོན་ཇེ་ཆེར་བཏང་བས་ལོ་རེར་བོད་ཀྱི་བརྩེགས་དྲུབ་བརྩམས་ཆོས5000ཡན་ཐོན་སྐྱེད་བྱེད་བཞིན་ཡོད།

ཀོས་ནན་བོད་ཀྱི་བརྩེགས་དྲུབ་ཐོན་ལས་ཀྱི་འཕྲོ་འགྱེད་ཀྱི་སྐུལ་ཁྲིད་འོག མིག་སྔར། བོད་ཀྱི་བརྩེགས་དྲུབ་ཐོན་ལས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང5ཡི་ཤང་གྲོང32ལ་ཁྱབ་ཡོད་པ་དང་། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ212སུ་བོད་ཀྱི་བརྩེགས་དྲུབ་ཐོན་སྐྱེད་རྟེན་གཞི་བཙུགས་ཡོད་ལ། བོད་ཀྱི་བརྩེགས་དྲུབ་ཐོན་སྐྱེད་གཙོ་བྱས་འི་བཟོ་རྩལ་ཐོན་རྫས་ཀུང་ཟི31དང་གཞི་ཁྱོན་ཅན་གྱི་ཐོན་ལས་ར་བ10། བོད་ཀྱི་བརྩེགས་དྲུབ་མཐུན་ཚོགས10བཅས་ཡོད་པ་དང་། ལོ་རེའི་ལག་བཟོས་ཐོན་རྫས་ཁྲི50ལྷག་ཐོན་སྐྱེད་བྱས་ནས་ལོ་རེའི་ཐོན་འབབ་སྒོར་དུང་ཕྱུར1.2ལ་སླེབས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག