མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ཆུ་བེད་ལས་གཞི་གལ་ཆེན་དམ་འཛིན་བྱས་ཏེ“ཁུལ་གསུམ”འཛུགས་སྐྲུན་གྱི་བྱ་བར་ཕན་འབྲས་ལྡན་པའི་ངང་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-14 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཚེས་བཅུ་གཅིག་ཉིན་ཞིང་ཆེན་ཆུ་བེད་ཐིན་དུ་སོང་ནས་ཆུ་བེད་ལས་གཞི་གལ་ཆེན་འཛུགས་སྐྲུན་དང་དེའི་སྔོན་འགྲོའི་བྱ་བར་རྟོག་ཞིབ་ནན་མོ་བྱས། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཆུ་དང་འབྲེལ་བའི་ལས་དོན་དང་། ཆུ་བེད་ལས་རིགས་དེ་མཚོ་སྔོན་སྐྱོང་བའི་ལས་དོན་གལ་ཆེན་ཏུ་བཟུང་ནས་བསྒྲུབ་དགོས་པ་མ་ཟད། མིག་སྔའི་དངོས་ཡོད་གནས་ཚུལ་ལ་རྐང་འཛུགས་པ་དང་མ་འོངས་བར་ཕུགས་འདུན་ཟབ་མོ་བཅོལ་ནས། ཆུ་བེད་ལས་གཞི་གལ་ཆེན་སྟོབས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། “ཁུལ་གསུམ”འཛུགས་སྐྲུན་གྱི་བྱ་བར་ཕན་འབྲས་ལྡན་པའི་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན།

ཧའོ་ཕིན་གྱིས་བསྟན་དོན། ཆུ་དང་འབྲེལ་བའི་ལས་དོན་ཡོད་རྒུ་ལེགས་པོར་བསྒྲུབ་རྒྱུ་ནི། “ཁུལ་གསུམ”འཛུགས་སྐྲུན་དང“རིམ་སྤོར་པར་གཞི”གསུམ་གསར་སྐྲུན་བྱེད་པར་གལ་འགངས་ཧ་ཅང་ཆེ། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་ཆུ་བེད་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེ་དང་། ཆུ་བེད་བཅོས་སྒྱུར་གྱི་ལས་རིམ་སྔར་ལས་གཏིང་ཟབ། ཆུ་བེད་དོ་དམ་གྱི་བྱ་བར་སྔར་ལས་ཤུགས་སྣོན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཆུ་བེད་འཕེལ་རྒྱས་བྱ་བར་གྲུབ་འབྲས་འབུར་ཐོན་བླངས་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། ཆུ་བེད་ལས་རིགས་ཟབ་སྤེལ་བྱས་ནས“ཁུལ་གསུམ”འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་ཟིན་ཟབ་མོ་ཡོད་པར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཆུ་བེད་འཆར་འགོད་ཀྱི་ལས་སྒོ་སོ་སོའི་འགན་ཁུར་དོན་འཁྱོལ་བྱེད་པ་དང་མཉམ་དུ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཆུ་བེད་འཕེལ་རྒྱས་སྐོར་ལ་འཆར་འགོད་ལེགས་པོ་བྱས་ཏེ། ཆུ་བེད་ལས་དོན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཆུའི་ཐོན་ཁུངས་ལ་གྲོན་ཆུང་དང་། མ་ལག་དང་ལྡན་པའི་སྒོ་ནས་བཙོག་ཆུ་གཙང་བཅོས། སྤྱི་ཁོག་སྙོམ་སྒྲིག་བཅས་བྱས་ཏེ། སྒོ་ཀུན་ནས་ཆུ་བེད་ལས་རིགས་བཟོ་སྐྲུན་གལ་ཆེན་དམ་འཛིན་བྱེད་དགོས་ཏེ། གཅིག་ནས་ཚན་རིག་གིས་ར་སྤྲོད་དང་རིགས་བགར་ནས་མཛུབ་སྟོན་བྱས་ཏེ། རྨ་ཆུ་དང་ཙོང་ཆུའི་འགྲམ་རྒྱུད་དང་། ཚྭ་འདམ་གཞོང་ས། མཚོ་སྐོར་ས་ཁུལ། གཙང་གསུམ་འབྱུང་ཡུལ་བཅས་ཀྱི་ཆུ་བེད་ལས་གཞི་ཀུན་ལ་གཅིག་གྱུར་འཆར་འགོད་ཀྱིས་ཁྱོན་ཡོངས་དང་ཡུན་རུང་གི་འཕེལ་རྒྱས་ལ་འབྲེལ་བའི་འཐབ་ཇུས་རང་བཞིན་གྱི་ཆུ་བེད་བཟོ་སྐྲུན་སྐོར་ཞིག་འཛུགས་སྐྲུན་བྱས་ནས། ཆུ་བེད་ལས་རིགས་ཀྱི་འདེགས་སྐྱོར་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གཉིས་ནས་ཆུ་བེད་ལས་རིགས་ཆེ་གྲས་ཁག་གིས་སྣེ་ཁྲིད་དེ། མཚོ་སྔོན་གྱི་ཆུའི་ཐོན་ཁུངས་སྙོམ་སྒྲིག་དང་། དམངས་འཚོའི་ཆུ་བེད། སྐྱེ་ཁམས་ཆུ་བེད། ཆུ་བེད་བཅོས་སྒྱུར་སོགས་ཆུ་དང་འབྲེལ་བའི་གནད་དོན་གལ་ཆེན་རིགས་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་སྒོས། འབྲེལ་ཡོད་སྲིད་ཇུས་དང་ལས་གཞིར་ཚན་རིག་གི་བྱེད་ཐབས་འདོན་སྤྲོད་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཆུ་བེད་ལས་རིགས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་འདིང་དགོས། གསུམ་ནས་བྱ་བའི་བྱེད་ཕྱོགས་ཇེ་ཞིབ་ཏུ་གཏོང་བ་དང་། བྱ་བའི་ལས་ཤུགས་ཇེ་ཆེར་གཏོང་བར་འབད་བརྩོན་བྱས་ནས། ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་རིགས་ཕྱོགས་བསྡུས་ངང་གསར་སྤེལ་བྱེད་པར་ཤུགས་སྣོན་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་གྱིས་ཆུ་ལོག་སྔོན་འགོག་གི་བྱ་བར་ཆེད་དུ་བརྟག་དཔྱད་མཛུབ་སྟོན་བྱས་པ་དང་། ཆུ་ལོག་སྔོན་འགོག་གི་འབྲེལ་ཡོད་ལས་བྱེད་པར་དངོས་སུ་ཐུག་འཕྲད་བྱས་ནས། འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། མིག་སྔའི་ཆར་ཞོད་ཀྱི་གནས་ཚུལ་འདྲི་ཞིབ་བྱས་ཏེ། ཆུ་ལོག་སྔོན་འགོག་གི་བྱ་བར་དུས་ནམ་ཡང་ལྷོད་གཡེང་གཏན་ནས་བྱེད་མི་རུང་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག