མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-18 11:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་གྱི་མགོ་ཁྲིད་པ་སུའུ་རོང་དང་། ཀྲང་ཡུང་ཧེ་དེ་མིན་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་། གྲོང་ཁྱེར་ཞིབ་དཔྱོད་ཁང་། གྲོང་ཁྱེར་ཁྲིམས་ཁང་བཅས་ཀྱི་འགན་ཁུར་གཙོ་བོས་འགྲོ་རོགས་བྱས་འོག ཟི་ལིང་གྲོང་ཁྱེར་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས། ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱིས་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་རེ་བ་ལྟར། མགོ་ཁྲིད་ཚན་ཁག་འཛུགས་པ་དང་དཔུང་སྡེ་སྣེ་ཁྲིད་དེ། ལས་བྱེད་ཉེན་རྟོག་ལས་རིགས་ཀྱི་ཀུན་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བའི་འཕེལ་རིམ་ཁྲོད་དུ་ཁྲིམས་ལྟར་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ཟེར།

ཝང་ཅན་ཅོན་སོགས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་ཁྲིམས་ཁང་དང་། མཁར་བྱང་ཆུའུ་ཡི་ཨེར་ཧྲི་ལིས་ཕུའུ་ཁྲིམས་ཁང་། གྲོང་ཁྱེར་ཞིབ་དཔྱོད་ཁང་། མཁར་ནུབ་ཆུའུ་ཞིབ་དཔྱོད་ཁང་། མཁར་བྱང་ཆུའུ་སྤྱི་བདེ་ཡན་ལག་ཅུའུ། གྲོང་ཁྱེར་སྤྱི་བདེ་ཅུའུ་བཅས་ཀྱི་ལྟ་ཞིབ་དོ་དམ་ཡན་ལག་རུ་ཁག་དང་ཉེན་རྟོག་རུ་ཁག་བཅས་སུ་སོང་ནས། ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་བྱ་བར་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅོན་གྱིས་སྤྱི་བདེ་དང་ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཀྱི་གཞུང་སྒྲུབ་ཁོར་ཡུག་དང་བཅའ་ཁྲིམས་ལྟར་གྱོད་གཞི་སྒྲུབ་ས་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན་པོ། མི་དམངས་ཉེན་རྟོག་པ་དང་བྱམས་བརྩེ་ངང་ཁ་བརྡ་བྱས་པ་དང་། མི་སྣ་བཀོད་སྒྲིག་དང་། འདྲི་གཅོད་དོ་དམ། སྤྱི་ཚོགས་བདེ་འཇགས་གནས་བབ་དང་གྱོད་གཞི་རྩད་ཆོད་པའི་གནས་ཚུལ་བཅས་ལ་ཞིབ་འདྲི་བྱས། ཆ་འཕྲིན་ཅན་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། དེ་མིན་ཁོ་ཚོའི་བྱ་བ་དང་འཚོ་བའི་ཁྲོད་དུ་གནས་པའི་དཀའ་ཁག་ལ་རྒྱུས་ལོན་བྱས།

ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་དང་། གྲོང་ཁྱེར་ཞིབ་དཔྱོད་ཁང་། གྲོང་ཁྱེར་ཁྲིམས་ཁང་བཅས་ཀྱི་བྱ་བའི་ཡར་ཞུར་ཉན་རྗེས། ཝང་ཅན་ཅོན་གྱིས་ཟི་ལིང་གྲོང་ཁྱེར་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཟི་ལིང་གྲོང་ཁྱེར་གྱི་སྤྱི་བདེ་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱིས་དཀྱིལ་སྙིང་ལ་དམིགས་ནས། ཆེ་ཕྱོགས་ལ་ཞབས་ཞུ་བསྒྲུབས་པ་དང་། བཅོས་སྒྱུར་དང་བསྟུན་པ། འགན་ཁུར་ཕོད་པ་དང་། དྲང་བདེན་གྱིས་ཁྲིམས་འཛིན་པ། གཟབ་ནན་གྱིས་ཁྲིམས་སྐྱོང་བ་བཅས་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཞག་ཏེ། ཞིང་ཆེན་ཡོངས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཟེར།

གོ་རིམ་རྗེས་མའི་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་བྱ་བ་ཇི་ལྟར་བཟང་བོར་སྒྲུབ་དགོས་པའི་ཐད་ལ་ཝང་ཅན་ཅོན་གྱིས་རེ་བ་འགའ་བཏོན། གཅིག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་བའི་དགོངས་དོན་དང་མི་འགྱངས་བར་ཚོགས་རྒྱུ་ཡིན་པའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་གྱིས་ཀླད་པར་དྲག་ཆས་སྤྲས་ཏེ། ལག་ལེན་མཛུབ་སྟོན་དང་། བྱ་བ་ཡར་སྐུལ་བྱེད་དགོས། གཉིས་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་དྲང་བདེན་དང་། དྲང་བཞག་གི་སྒོ་ནས་བྱ་བ་སྒྲུབ་བཞིན་པ་ཤེས་སུ་འཇུག་དགོས་པ་དང་། དྲང་བདེན་དེ་ནམ་ཡིན་ཡང་སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་བྱ་བའི་གོ་གནས་གལ་ཆེན་དུ་འཇོག་དགོས། གསུམ་ནས་ཁྲིམས་འཛིན་མངོན་སུམ་ཡིན་པ་རྒྱུན་འཁྱོངས་བྱས་ནས། དྲང་བདེན་དང་། འདྲ་མཉམ། མངོན་སུམ་བཅས་ཀྱི་རྩ་དོན་ཐད་ནས་ཁྲིམས་འཛིན་དང་ཁྲིམས་སྐྱོང་བའི་གོ་རིམ་ཡོངས་ལ་བརྒྱུད་དགོས་པ་དང་། སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་བྱ་བ་དེ་འདྲི་གཅོད་མངོན་སུམ་དང་། ཞིབ་དཔྱོད་ལས་དོན་མངོན་སུམ། ཉེན་རྟོག་ལས་དོན་མངོན་སུམ་བཅས་ཀྱི་སྒོ་ནས་སྒྲུབ་དགོས། བཞི་ནས་ཁྲིམས་ལྟར་བདེ་འཇགས་ཀྱི་ཟི་ལིང་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དེ། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས། མི་དམངས་བདེ་སྡོད་ཡོང་བར་སྲུང་སྐྱོང་བྱེད་པའི་ཁོར་ཡུག་ཅིག་སྐྲུན་ཏེ། ཕྱོགས་གཉིས་འཛིན་པ་དང་། ཕྱོགས་གཉིས་ཀ་དམ་པོར་འཛིན་པའི་བྱ་བ་རྒྱུན་འཁྱོངས་བྱེད་དགོས། ལྔ་ནས་རེ་བ་ནན་མོའི་སྒོ་ནས་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་རེ་བ་ལྟར། མགོ་ཁྲིད་ཚན་ཁག་འཛུགས་པ་དང་། དཔུང་སྡེ་ཁྲིད་དགོས་ན། ལས་བྱེད་ཉེན་རྟོག་པ་སྲུང་སྐྱོབ་བཟང་བོ་བྱས་ནས། ལས་བྱེད་ཉེན་རྟོག་པས་ཧུར་ཐག་སྒོས་བྱ་བ་སྒྲུབ་པར་སྐུལ་སློབ་བྱེད་དགོས་ལ། ལས་བྱེད་ཉེན་རྟོག་པ་དོ་དམ་བཟང་བོ་བྱེད་པ་དང་། ལས་བྱེད་ཉེན་རྟོག་པ་སྐྱོན་བྲལ་བའི་ངང་འཚར་ལོངས་འབྱུང་བར་ཁག་ཐེག་ཡང་བྱེད་དགོས་ཟེར།

ཝང་ཅན་ཅོན་གྱིས་མཐར་མཇུག་ནན་གྱིས་བསྟན་དོན། ལོ་མཇུག་ལ་ཐོན་ཟིན་པས། ལས་འགན་ལྗིད་ལ། བྱ་བའི་ཁུར་བོ་ཡང་ལྗིད་པས། གནས་བབ་ཞིབ་བརྡར་གཅོད་དགོས་པ་དང་། བཀོད་སྒྲིག་ཞིབ་མོ་བྱེད་པ། དོགས་ཟོན་ནན་མོ་བཅས་བྱས་ནས་ཟི་ལིང་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་ཆེ་ཕྱོགས་རྒྱུན་སྲིང་དང་བརྟན་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག